༄༅། །གདམས་ངག་གནད་བསྡུས་ཀྱི་སྨོན་ལམ་དམ་པའི་སྙིང་བཅུད་ཅེས་བྱ་བ་བཞུགས་སོ།།

༄༅། །བསླུ་མེད་གཏན་གྱི་སྐྱབས་གཅིག་འཁོར་ལོའི་མགོན།།
དྲིན་ཆེན་རྩ་བའི་བླ་མ་རིན་པོ་ཆེ།།
འཆི་བ་མ་དྲན་ཚེ་འདི་སྒྲུབ་པ་ཡི།།
དལ་འབྱོར་སྟོང་ཟད་བདག་ལ་ཐུགས་རྗེས་ཟུང་།།

རྨི་ལམ་འདྲ་བའི་མི་ཚེ་ཡད་ཡུད་འདི།།
སྐྱིད་ཀྱང་རུང་ལ་སྡུག་ཀྱང་རུང་བས་ན།།
སྐྱིད་སྡུག་གནས་ལ་ཡིད་སྨོན་མི་བྱེད་པར།།
དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །

རླུང་གསེབ་མར་མེ་འདྲ་བའི་མི་ཚེ་འདི།།
རིང་ཡང་རུང་ལ་ཐུང་ཡང་རུང་བས་ན།།
བདག་འཛིན་དམ་པོར་ཁ་བསྣོན་མི་འདེབས་པར།།
དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །

སླུ་བྱེད་སྒྱུ་མ་འདྲ་བའི་རྣམ་དཔྱོད་འདི།།
འགྲིགས་ཀྱང་རུང་ལ་མ་འགྲིགས་ཀྱང་རུང་བས།།
ཆོས་བརྒྱད་ཁྱེར་ཀ་རྩྭ་ལྟར་དོར་ནས་སུ།།
དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །

ཤིང་ཁའི་བྱ་ཚོགས་འདྲ་བའི་འཁོར་གཡོག་འདི།།
འདུས་ཀྱང་རུང་ལ་འབྲལ་ཡང་རུང་བས་ན།།
སྣ་ཐག་རང་གི་མགོ་ལ་དཀྲི་བ་ཡིས།།
དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །

ལོ་བརྒྱའི་ཁང་རུལ་འདྲ་བའི་སྒྱུ་ལུས་འདི།།
འཚོ་ཡང་རུང་ལ་འགྱེལ་ཡང་རུང་བས་ན།།
ཟས་གོས་སྨན་གྱི་རྩོལ་བས་མི་འཆིང་བར།།
དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །

བྱིས་པའི་རྩེད་མོ་འདྲ་བའི་ཆོས་ཚུགས་འདི།།
ཟིན་ཡང་རུང་ལ་ཤོར་ཡང་རུང་བས་ན།།
ཟར་ཟིེར་མང་པོས་རང་མགོ་མི་བསྐོར་བར།།
དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག།

མེ་ལོང་གཟུགས་བརྙན་འདྲ་བའི་ལྷ་འདྲེ་འདིས།།
ཕན་ཡང་རུང་ལ་གནོད་ཀྱང་རུང་བས་ན།།
རང་སྣང་འཁྲུལ་པ་དགྲ་རུ་མི་བལྟ་བར།།
དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །

རྗེས་མེད་བྲག་ཅ་འདྲ་བའི་འཁྲུལ་གཏམ་འདི།།
སྙན་ཀྱང་རུང་ལ་མ་སྙན་ཀྱང་རུང་བས།།
དཀོན་མཆོག་གསུམ་དང་རང་སེམས་དཔང་བཞག་ནས།།
དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །

ཤ་བའི་རྭ་འདྲ་དགོས་དུས་མི་ཕན་པ།།
ཤེས་ཀྱང་རུང་ལ་མ་ཤེས་ཀྱང་རུང་བས།།
རིག་གནས་ཙམ་ལ་བློ་གཏད་མི་འཆའ་བར།།
དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །

བཙན་དུག་ཧ་ལ་འདྲ་བའི་དཀོར་རྫས་འདི།།
བྱུང་ཡང་རུང་ལ་མ་བྱུང་ཡང་རུང་བས།།
ལོག་འཚོའི་སྡིག་ལ་མི་ཚེ་མི་བསྐྱལ་བར།།
དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །

ཁྱི་ལུད་དར་བསྟུམས་འདྲ་བའི་ཆེ་གཟུགས་འདི།།
ཐོབ་ཀྱང་རུང་ལ་མ་ཐོབ་ཀྱང་རུང་བས།།
རང་མགོ་རུལ་བ་སྣ་ཡིས་ཚོར་ནས་སུ།།
དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །

ཚོང་འདུས་མགྲོན་པོ་འདྲ་བའི་གཉེན་འབྲེལ་འདི།།
མཛའ་ཡང་རུང་ལ་མཁོན་ཀྱང་རུང་བས་ན།།
ཞེན་པའི་གདོས་ཐག་སྙིང་ནས་བཅད་པ་ཡིས།།
དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །

རྨི་ལམ་ནོར་རྙེད་འདྲ་བའི་ཟང་ཟིང་འདི།།
ཡོད་ཀྱང་རུང་ལ་མེད་ཀྱང་རུང་བས་ན།།
མཐུན་འཇུག་ངོ་དགས་གཞན་མགོ་མི་བསྐོར་བར།།
དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །

བྱིའུ་ཆུང་ཤིང་རྩེར་བབ་འདྲའི་གོ་ས་འདི།།
མཐོ་ཡང་རུང་ལ་དམའ་ཡང་རུང་བས་ན།།
རང་སྡུག་གནས་ལ་ཡིད་སྨོན་མི་བྱེད་པར།།
དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །

མཚོན་ཆ་འདྲ་བའི་ངན་སྔགས་ལས་སྦྱོར་འདི།།
འགྲུབ་ཀྱང་རུང་ལ་མ་འགྲུབ་ཀྱང་རུང་བས།།
རང་སྲོག་གཅོད་པའི་སྤུ་གྲི་མི་ཉོ་བར།།
དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །

ནེ་ཙོའི་ཡིག་དྲུག་འདྲ་བའི་འདོན་བརྗོད་འདི།།
བྱས་ཀྱང་རུང་ལ་མ་བྱས་ཀྱང་རུང་བས།།
བྱས་བྱས་མང་པོའི་རྣམ་གྲངས་མི་བགྲང་བར།།
དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག།

རི་བོའི་འབབ་ཆུ་འདྲ་བའི་བཤད་ཡམ་ཆོས།།
མཁས་ཀྱང་རུང་ལ་མ་མཁས་ཀྱང་རུང་བས།།
ཁ་བཤད་མཁས་ལ་ཆོས་སུ་མི་བསྒོམ་པར།།
དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག།

ཕག་པའི་སྣ་འདྲ་དཔྱད་པ་མྱུར་བའི་བློ།།
རྣོ་ཡང་རུང་ལ་རྟུལ་ཡང་རུང་བས་ན།།
དོན་མེད་ཆགས་སྡང་ཟེགས་མ་མི་སློང་བར།།
དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །

དབྱར་གྱི་རྐ་ཆུ་འདྲ་བའི་རྣལ་འབྱོར་ཉམས།།
འཕེལ་ཡང་རུང་ལ་འགྲིབ་ཀྱང་རུང་བས་ན།།
བྱིས་པ་འཇའ་ཚོན་རྗེས་སུ་མི་འདེད་པར།།
དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །

རི་འགོའི་ཆར་པ་འདྲ་བའི་དག་སྣང་འདི།།
ཤར་ཡང་རུང་ལ་མ་ཤར་ཡང་རུང་བས།།
འཁྲུལ་པའི་ཉམས་ལ་བདེན་པར་མི་བཟུང་བར།།
དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །

ཡིད་བཞིན་ནོར་བུ་ལྟ་བུའི་དལ་འབྱོར་འདི།།
མ་ཐོབ་དམ་ཆོས་སྒྲུབ་ཐབས་མི་འདུག་པས།།
རང་ལག་ཡོད་དུས་ཆུད་ཟོས་མི་གཏོང་བར།།
དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག། །

ཐར་ལམ་སྒྲོན་མེ་དཔལ་ལྡན་བླ་མ་འདི།།
མ་མཇལ་གནས་ལུགས་རྟོགས་ཐབས་མི་འདུག་པས།།
གར་འགྲོ་ཤེས་དུས་གཡང་ལ་མི་འཆོང་བར།།
དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །

ནད་སེལ་སྨན་དང་འདྲ་བའི་དམ་ཆོས་འདི།།
མ་ཐོས་སྤང་བླང་ཤེས་ཐབས་མི་འདུག་པས།།
ཕན་གནོད་ཤེས་དུས་བཙན་དུག་མི་འགམ་པར།།
དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །

དབྱར་དགུན་རེས་འདྲའི་སྐྱིད་སྡུག་འགྱུར་ལྡོག་འདི།།
མ་མཐོང་ངེས་པར་འབྱུང་ཐབས་མི་གདའ་བས།།
སྡུག་རེས་རང་ལ་འཁོར་བར་ཐག་ཆོད་ནས།།
དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །

ཆུ་རྡོ་ཆུ་གཏིང་བྱིང་འདྲའི་འཁོར་བ་འདི།།
ད་རེས་མ་བསྐྱུར་ཕྱི་ནས་མི་ཐར་བས།།
དཀོན་མཆོག་ཐུགས་རྗེའི་དཔྱང་ཐག་ལ་འཇུས་ནས།།
དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །

ནོར་བུ་གླིང་འདྲ་ཐར་པའི་ཡོན་ཏན་འདི།།
མ་ཤེས་བརྩོན་འགྲུས་རྩོམ་ཐབས་མི་འདུག་པས།།
གཏན་དུ་རྒྱལ་བའི་ཁེ་གསང་མཐོང་ནས་སུ།།
དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །

བདུད་རྩིའི་བཅུད་འདྲ་དམ་པའི་རྣམ་ཐར་འདི།།
མ་མཇལ་ཡིད་ཆེས་སྐྱེ་ཐབས་མི་འདུག་པས།།
ཕམ་རྒྱལ་ཤེས་དུས་རང་སྡུག་མི་ཉོ་བར།།
དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །

ཞིང་ས་གཤིན་པོ་འདྲ་བའི་བྱང་སེམས་འདི།།
མ་སྐྱེས་སངས་རྒྱས་ཐོབ་ཐབས་མི་འདུག་པས།།
དོན་ཆེན་སྒྲུབ་ལ་བཏང་སྙོམས་མི་འཇོག་པར།།
དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །

ཅོལ་ཆུང་སྤྲེའུ་འདྲ་བའི་རང་སེམས་འདི།།
མ་བསྲུང་ཉོན་མོངས་སྤང་ཐབས་མི་འདུག་པས།།
སྨྱོན་པའི་ལད་མོ་ཅི་བདེར་མི་བྱེད་པར།།
དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །

ལྷན་སྐྱེས་གྲིབ་མ་འདྲ་བའི་བདག་འཛིན་འདི།།
མ་སྤངས་བདེ་སར་ཕྱིན་ཐབས་མི་འདུག་པས།།
དགྲ་བོ་ཟིན་དུས་བཤེས་སུ་མི་བསྟེན་པར།།
དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །

ཐལ་གསེབ་མེ་མདག་འདྲ་བའི་དུག་ལྔ་འདི།།
མ་ཆོམ་སེམས་ཉིད་རྣལ་དུ་མི་གནས་པས།།
དུག་སྦྲུལ་ཕྲུ་གུ་རུམ་དུ་མི་གསོ་བར།།
དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །

སྣུམ་ཀོག་གྱོང་པོ་འདྲ་བའི་རང་རྒྱུད་འདི།།
མ་དུལ་ཆོས་དང་རང་སེམས་མི་འདྲེ་བས།།
རང་སྐྱེས་ཕྲུ་གུ་སྐྱག་ལང་མི་བཏང་བར།།
དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །

ཆུ་ཀླུང་འབབ་འདྲ་བག་ཆགས་ངན་གོམས་འདི།།
མ་བཅད་ཆོས་མིན་སྤྱོད་དང་མི་འབྲལ་བས།།
མཚོན་ཆ་དགྲ་བོའི་ལག་ཏུ་མི་འཚོང་བར།།
དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །

ཟིན་མེད་ཆུ་གཉེར་ལྟ་བུའི་རྣམ་གཡེང་འདི།།
མ་སྤངས་བརྟན་པ་ཐོབ་ཐབས་མི་གདའ་བས།།
ཅི་བྱས་ཆོག་དུས་འཁོར་བ་མི་བསྒྲུབ་པར།།
དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །

ས་ཆུ་དྲོས་འདྲ་བླ་མའི་བྱིན་རླབས་འདི།།
མ་ཞུགས་རང་ངོ་འཕྲོད་ཐབས་མི་གདའ་བས།།
ཉེ་ལམ་སླེབ་དུས་ས་རྒྱ་མི་བསྐོར་བར།།
དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །

དབྱར་གྱི་སྨན་ལྗོངས་འདྲ་བའི་དབེན་ས་འདི།།
མ་བསྟེན་ཡོན་ཏན་སྐྱེ་ཐབས་མི་གདའ་བས།།
རི་ལ་གནས་དུས་གྲོང་ནག་མི་འགྲིམ་པར།།
དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །

བསེ་རག་ཕུགས་སུ་ཞུགས་འདྲའི་སྐྱིད་འདོད་འདི།།
མ་ཕྲལ་སྡུག་བསྔལ་རྩོལ་སྒྲུབ་མི་ཆད་པས།།
ལྟོག་འགོང་ཕུག་གི་ལྷ་རུ་མི་མཆོད་པར།།
དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །

མཁར་གྱི་སྒོ་ལྕགས་འདྲ་བའི་དྲན་ཤེས་འདི།།
མ་བསྟེན་འཁྲུལ་པའི་རྒྱུ་འགྲུལ་མི་ཆད་པས།།
རྐུན་མ་ཡོང་དུས་སྒོ་ཆ་མི་ཀློད་པར།།
དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །

འགྱུར་མེད་ནམ་མཁའ་ལྟ་བུའི་གནས་ལུགས་འདི།།
མ་རྟོགས་ལྟ་བའི་གཞི་རྩ་མི་ཆོད་པས།།
རང་གིས་རང་ཉིད་ལྕགས་སུ་མི་བཅུག་པར།།
དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །

དྲི་མེད་ཤེལ་གོང་འདྲ་བའི་རིག་པ་འདི།།
མ་མཐོང་སྒོམ་པའི་འཛིན་རྩོལ་མི་ཞིག་པས།།
འབྲལ་མེད་འགྲོགས་དུས་གཞན་ལ་མི་ཚོལ་བར།།
དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །

སྔར་འདྲིས་གྲོགས་འདྲ་ཐ་མལ་ཤེས་པའི་ངོ་།།
མ་འཕྲོད་བྱས་ཚད་བསླུ་བའི་ཆོས་ཡིན་པས།།
མིག་བུ་བཙུམས་ནས་སྦར་ཚོད་མི་བྱེད་པར།།
དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག །

མདོར་ན་ཚེ་འདིའི་བྱ་བ་མ་བཏང་ན།།
ཕྱི་མའི་དམ་ཆོས་འགྲུབ་ཐབས་མི་གདའ་བས།།
རང་དྲིན་རང་ལ་ཆེ་བའི་གྲོས་བཏབ་ནས།།
བྱས་ཚད་དམ་པའི་ཆོས་སུ་འགྲོ་བར་ཤོག །

ཆོས་བཞིན་གདམས་ན་བླ་མར་ལོག་ལྟ་དང་།།
ལས་ངན་ལྷོངས་ཚེ་ལྷ་ལ་ཡི་ཆད་དང་།།
འགལ་རྐྱེན་བྱུང་ན་སྒྲུབ་པ་བཤོལ་བ་སོགས།།
དངོས་གྲུབ་ཐོབ་ཀར་བར་ཆད་མ་གྱུར་ཅིག །

བྱས་ཚད་ཐམས་ཅད་དོན་མེད་ས་སྟོང་བསྐོར།།
འབད་ཚད་ཐམས་ཅད་རང་རྒྱུད་རེངས་པའི་རྒྱུ།།
དྲན་ཚད་ཐམས་ཅད་འཁྲུལ་པའི་ཁ་སྣོན་བཏབ།།
སོ་སྐྱེས་ཆོས་སུ་རློམ་ཀུན་རང་འཆིང་རྒྱུ།།

བྱ་རྒྱུ་མང་ལ་གྲུབ་འབྲས་གཅིག་ཀྱང་མེད།།
དྲན་རྒྱུ་མང་ལ་གཏད་སོ་ཅི་ཡང་མེད།།
དགོས་དགོས་མང་ལ་འཛོམ་དུས་མེད་པ་ཡི།།
བྱ་བ་བཏང་ནས་གདམས་ངག་བསྒོམ་ནུས་ཤོག །

བྱའོ་བསམ་ན་རྒྱལ་གསུང་དཔང་པོར་ཚུགས།།
བྱེད་དོ་བསམ་ན་གོང་མའི་རྣམ་ཐར་ལྟོས།།
སྒྲུབ་བོ་བསམ་ན་གོང་མའི་རྣམ་ཐར་ལྟོས།།
ལང་ཤོར་ཁྱོད་ལ་བྱ་བ་གཞན་གྱིས་ཅི།།

དམན་ས་ཟིན་ཅིང་ཆོག་ཤེས་ནོར་གྱིས་ཕྱུག །
ཆོས་བརྒྱད་འཆིང་གྲོལ་སྒྲུབ་ལ་སྙིང་རུས་སྲ།།
བླ་མའི་བྱིན་ཞུགས་རྟོགས་པ་མཁའ་དང་མཉམ།།
ཀུན་བཟང་རྒྱལ་རབས་ཟིན་པར་བྱིན་གྱིས་རློབས།།

ཞེས་པའང་དམ་པ་གོང་མའི་ཞལ་གདམས་རྡོ་རྗེའི་གསུང་གི་དོན་བསྡུས་ནས་
རང་གི་ངག་འདོན་དུ་བྲིས་པ་སྟེ། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།