༄༅།། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་དགོངས་པ་ཆོས་དབྱིངས།

གུང་ཐང་རིན་པོ་ཆེ༧རྗེ་འཇིགས་མེད་བསྟན་པའི་དབང་ཕྱུག་ཚང་གི་ཉིན་ཐོ་ལས།

༡༩༨༩ལོའི་སྤྱི་ཟླ༢པའི་ཚེས༣གྱི་ཉིན་རང་ཡར་བླ་བྲང་དུ་སོང་། ཕྱི་དྲོ་ལས་སྣེ་སོགས་མང་བོ་ཡོང་། ཚེས༤གསར་ནས་ཁོང་ཨ་ལགས་རྡོ་རྗེ་འཆང་གི་གདུང་མདུན་ནས་འཇིགས་བྱེད་ཀྱི་བདག་འཇུག་བླང་། མཆོད་མེ་སྟོང་ཕྲག་གསུམ་ཕུལ། ཕྱི་དྲོ་གྲྭ་ཚང་ཡོངས་རྫོགས་ལ་ཞལ་ཏ་བྱས། ཀུན་གཟིགས་མཆོག་གི་ཞལ་གསུང་དང་ཀུན་མཁྱེན་རིན་པོ་ཆེ་ངེད་གཉིས་ལྷ་སར་མཇལ་སྐོར་སོགས་གནས་ཚུལ་ཡོངས་སུ་རྫོགས་པ་ཞུས་ཐོག གདུང་མཆོད་བྱེད་ན། བཀའ་བཞིན་བསྒྲུབ་པའི་མཆོད་པ་ནི་མཆོད་པ་ཀུན་གྱི་མཆོག་ཡིན་པས། ཀུན་གཟིགས་མཆོག་གི་བཀའ་གསུང་རྣམས་བརྗོད་པར་རྒྱལ་གཅེས་ཆོས་གཅེས་བྱ་བ་དེ་ལས་མེད་ཚུལ་ལ་སོགས་རྒྱས་པར་ཞུས། ཕྱི་དྲོ་མཇལ་བ་བརྒྱ་ཕྲག་ཁ་ཤས་ལ་མཇལ་ཁ་བཏང་། ཞེས་ཉིད་ཀྱི་ཞལ་ནས་གསུངས་སོ། །
དང་པོ། སྤྱི་བཤད།དེ་རིང་ནངས་ཁ་དུས་དབང་གིས་པཎ་ཆེན་ཐམས་ཅད་མཁྱེན་པ་ང་ཚོར་མ་དབང་བས་སངས་རྒྱས་ཀྱི་བསྟན་པ་ལ་ཆག་སྒོ་ཆེན་པོ་བྱུང་སོང་། ཐམས་ཅད་ཀྱིས་ཐུགས་ལ་སྐྱོ་སྡུག་ཆེན་པོ་བྱེད་ཀྱི་ཡོད་པས། ཀུན་མཁྱེན་རིན་པོ་ཆེས་ང་ལ་གྲྭ་ཚང་རིན་པོ་ཆེ་གྲྭ་རྒན་གཞོན་ཐམས་ཅད་ལྷན་ཅིག་ཏུ་འཛོམས་ནས་ཁ་བརྡ་ཞིག་བྱོས་ཞེས་གསུངས་པས། ང་ཕྱིར་འོངས་ནས་གྲྭ་ཚང་ལ་སེམས་གསོ་ཟེར་ནའང་ཆོག གནས་ཚུལ་ཞུ་ཞེས་ནའང་ཆོག ཀུན་མཁྱེན་རིན་པོ་ཆེའི་གསུང་ལྟར་འདིར་ཡོང་བ་ཡིན། སྤྱིར་ན་དེ་རིང་ཁ་སང་སངས་རྒྱས་ཀྱི་བསྟན་པ་སྣུམ་ཟད་ཀྱི་མར་མེ་ལྟག་ཆད་ཀྱི་རྫིང་བུ་བཞིན་དུ་ཉག་ཕྲ་བའི་དུས་ཡིན་པ། དཀོན་མཆོག་བསྟན་པའི་སྒྲོན་མེས། དུས་ངན་སྙིགས་མའི་རྒུད་པ་ཞེས་གསུངས་པ་བཞིན་སྐྱེས་བུ་དམ་པ་ཞིག་ཡིན་ན་མཛད་པ་སངས་རྒྱས་ཀྱི་བསྟན་པ་ལ་ཕན་ཐོགས་པ་དང་སེམས་ཅན་གྱི་བདེ་སྐྱིད་ལ་ཕན་ཐོགས་པའི་བྱ་བ་མཛད་རྒྱུ་ལས་དང་སྐལ་བ་མེད་པ་འདྲ་བའམ། ཡང་ན་སངས་རྒྱས་ཀྱི་བསྟན་པ་ལ་ཐུགས་ཁུར་ཆེ་བཞེས་དང་སེམས་ཅན་གྱི་འགྲོ་དོན་དཔག་མེད་མཛད་བཞིན་པ་རྣམས་སྐུ་ཚེ་ཡུན་རིང་དུ་མི་ཐུབ་པ་ལྟ་བུ་དེ་དག་ནི་དུས་ངན་སྙིགས་མའི་རང་རྟགས་ཡིན་པ་ལས་བསྟན་འཛིན་གྱི་སྐྱེས་བུ་དེ་དག་དང་། ལྷག་པར་དུ་པཎ་ཆེན་སྣང་བ་མཐའ་ཡས་ལྟ་བུ་ལ་མཚོན་ན་སྔོན་བསྐལ་བ་དཔག་ཏུ་མེད་པའི་སྔ་རོལ་ནས་མངོན་པར་རྫོགས་པར་སངས་རྒྱས་ཟིན་པས་རྡོ་རྗེའི་སྐུ་ལ་སྐྱེ་འཆི་མི་མངའ་མོད། འོན་ཀྱང་། ཐུན་མོང་སྣང་ཚོད་ལ་སེམས་ཅན་གྱི་ལས་ཟད་པས་མཛད་པ་དེ་ལྟ་བུ་མི་སྟོན་ཐབས་མེད་རེ་བྱུང་སོང་།

༡ པཎ་ཆེན་སྣང་བ་མཐའ་ཡས་མཆོག་གི་མཛད་པའི་མཐའ་མ་དང་ཞལ་ཆེམས་ཀྱི་སྐོར། ད་ཐེངས་པཎ་ཆེན་རིན་པོ་ཆེ་སྐུ་འཕྲེང་ལྔའི་སྐུ་གདུང་ལྷན་ཅིག་ཏུ་སྐུ་གདུང་ཆེན་པོ་བཀྲ་ཤིས་རྣམ་རྒྱལ་ཞེས་པ་མཐོང་བ་ཙམ་གྱིས་སེམས་ཅན་གྱི་རྒྱུད་ལ་ཐར་པའི་ས་བོན་སྐྲུན་ནུས་པ་ངོ་མཚར་རྨད་དུ་བྱུང་བ་དེ་ཡང་དག་པར་གསར་དུ་བཞེངས་པ་ལེགས་འགྲུབ་བྱུང་ཞིང་རབ་ཏུ་གནས་པའི་ཆོ་ག་ལ་རབ་གནས་དགེ་ལེགས་ཆར་འབེབས་དང་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་བདག་འཇུག་བཞེས་ཤིང་མཇུག་ཏུ་སྦྱིན་སྲེག་བཅས་མཛད། དེ་ལྟར་བཅོ་ལྔའི་ཉིན་མཆོད་ཁང་བཀྲ་ཤིས་རྣམ་རྒྱལ་ལ་རབ་གནས་གྲུབ་ནས་དགའ་སྟོན་གནང་ཞིང་། དེར་བོད་ཁ་བ་ཅན་གྱི་བླ་མ་དང་མི་དཔོན་དྲག་ཆེ་བ། ཞིང་ཆེན་རིམ་པ་ཡན་གྱི་རྒྱལ་ཁབ་ཀྱི་ལས་བྱེད་སུམ་ཅུ་ལྷག་བཅས་ཁྱོན་འགྲུལ་བ་སྟོང་ཕྲག་ལྷག་ལྷན་དུ་འཛོམས་ཤིང་དེ་ཚང་མ་ལ་ཆོས་སྲིད་ཀྱི་ཞལ་བརྡ་རབས་དང་རིམ་པར་གནང་བ་ཐམས་ཅད་དེ་རིང་ཕྱིར་འདང་ཞིག་རྒྱབ་ན་མཐའ་མའི་ཞལ་ཆེམས་རེད། དེར་ཆོས་ལུགས་པ་ལ་ཆོས་ལུགས་ཀྱི་བྱ་བའི་ཚོགས་འདུ་འཚོགས་ནས་ཞལ་བརྡ་གནང་བ་དང་ཆབ་སྲིད་པ་ལ་ཆབ་སྲིད་ཀྱི་བྱ་བའི་ཚོགས་འདུ་འཚོགས་ནས་ཞལ་བརྡ་གནང་། ཚེས་བཅུ་དྲུག་ཉིན་ཆབ་སྲིད་ཀྱི་ཚོགས་འདུ་འཚོགས་ཤིང་ཆབ་སྲིད་ཀྱི་བྱ་བའི་བཀའ་མང་པོ་གནང་བ་རེད། བདག་ཚོགས་ཐོག་དེར་ཕེབས་མ་ཐུབ་པས་ཅི་གསུང་གསལ་པོ་མ་གོ ཡིན་ཡང་གཙོ་བོ་བོད་འདི་ཁ་འཆམ་གྲོས་འགྲིག་བྱུང་ནས་ཇག་རྐུས་ཁྲམ་གསུམ་དང་འཁོན་འཛིང་མོ་མི་བྱེད་པར་རྒྱལ་ཁབ་ཀྱི་ཁ་ལེན་ཚིག་བརྩི་བྱས་ནས་དཀར་བོ་དགེ་བའི་ཕྱོགས་སུ་ཁ་འཁོར། ནག་པོ་སྡིག་པའི་ཕྱོགས་སུ་རྒྱབ་གཏོད། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པ་སྤྱད། །རང་གི་རྒྱུད་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །གསུངས་པ་བཞིན་རང་རང་ཚོ་སངས་རྒྱས་ཀྱི་བསྟན་པ་ལ་དད་པ་ཡོད་ཕྱིན་སྡིག་པ་མ་བྱེད་དགེ་བ་སྒྲུབས་ཤིག་ཅེས་པ་དེ་ཡིན། དེའི་ཕྱིར་ཉིན་ཆོས་ལུགས་ཀྱི་བྱ་བའི་ཚོགས་འདུ་ཚོགས་ཤིང་། ས་དགེ་རྙིང་གསུམ། ཇོ་བོན་རྫོགས་གསུམ། གྲུབ་མཐའ་རིས་མེད་ཀྱི་བླ་མ་རྣམས་དང་མདོ་དབུས་གཙང་གསུམ་ཆུ་བཞི་སྒང་དྲུག་གི་བོད་མི་ཡོད་ཚད་ལ་སངས་རྒྱས་ཀྱི་བསྟན་པ་འདིའི་དོན་དུ་ཞལ་བརྡ་གཙོ་བོ་སྣ་ཁ་གསུམ་གསུངས་ཡོད། དང་པོ་ནི། དགོན་པ་ཞིག་ལ་བླ་མ་མེད་ན་དགོན་པ་དེ་ལ་མགོ་མེད་པ་ལྟ་བུ་ཡིན་པས། ཁོང་གིས་ཀྲུང་དབྱང་ལ་སྙན་ཞུ་དང་གྲོས་མོལ་བསྡུར་གསུམ་བྱས་ནས་ཀྲུང་དབྱང་གིས་ཆོག་མཆན་བཀོད་དེ་དེང་ཕྱིན་ཆད་བླ་མ་ཚོའི་སྤྲུལ་སྐུ་ཐུགས་བརྟག་བཅད་ནས་གདན་སར་བཀོད་ཆོག་པ་ཐག་གཅོད་བྱུང་ཞིང་། སྤྲུལ་སྐུ་ཇི་ལྟར་ཐུགས་བརྟག་གཅོད་རྒྱུ་ཁོང་གི་ཐུགས་འདོད་བཞིན་བྱས་ཆོག་པ་དང་། ཁོང་གིས་ཐག་བཅད་པ་ལ་ཀྲུང་དབྱང་ནས་ཀྱང་བླ་མ་དེ་ལ་ཐོབ་གོ་ས་ཅི་ཡོད་ཁས་ལེན་རྒྱུ་བྱས་ཡོད། དེ་ནི་ཁོང་དགོངས་པ་ཆོས་དབྱིངས་སུ་རྫོགས་ཁར་ངེད་ཅག་ལ་བཞག་པའི་མཐའ་མའི་བཀའ་དྲིན་རེད། གཉིས་པ་ནི། གཙོ་བོ་བོད་ལ་དར་བའི་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་རིས་མེད་ཀྱི་དབང་ཆ་དང་། ཕྱིས་སུ་ཆོས་ལུགས་ཇི་ལྟར་དར་དགོས། གྲྭ་བའི་ཕེབས་ཚུལ་བཞུགས་སྟངས་བཅས་ཆ་ཐམས་ཅད་ཀྱི་དབང་ཆ་ཀྲུང་དབྱང་གིས་པཎ་ཆེན་རིན་པོ་ཆེ་ཁོང་ལ་ཕུལ་བ་ཡིན། ཞེས་བོད་བརྒྱུད་ནང་བསྟན་གྱི་འགོ་འདྲེན་ཚོགས་ཆུང་ཞིག་བཙུགས་ཏེ་ཁོང་དེའི་དབུ་འདྲེན་དུ་བཞུགས་རྒྱུ་བཅས་ཐག་བཅད་ཡོད། གསུམ་པ་ནི། ཁོང་གིས་གཙོ་བོ་གསུང་རྒྱུ་ནི་སྔར་ལྟར་བླ་མ་གྲྭ་བ་ཞིག་ཡིན་ན་སངས་རྒྱས་ཀྱི་བསྟན་པ་འདི་ཐུགས་ལ་དགོངས་དགོས། དེང་སང་དུས་སྙིགས་མ་དང་བསྟན་པ་ཉམ་ཐག་ཏུ་གྱུར་ཡོད་སྟབས། ཁྱེད་དགེ་བའི་བཤེས་གཉེན་ཚོས་གཙོ་བོ་བསླབ་པ་སློབ་གཉེར་དང་འཛིན་སྐྱོར་སྦྱོངས། དཔེ་ཁྲིད། དཔེ་གཟིགས་བཅས་བཤད་སྒྲུབ་ཀྱི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་འདི་བརྒྱུད་འཛིན་དར་སྤེལ་དང་། བླ་མ་རྣམ་པ་ཚོའི་སྤྲུལ་སྐུ་ཚོ་ཡིན་ནའང་དེ་རིང་ནང་ཁ་ཆབ་སྲིད་ཀྱི་དབང་ཆ་དང་གོ་ས་ཞིག་ཐོབ་པ་དེ་ནི་ཁྱེད་བླ་མ་ཞིག་རེད་ཅེས་ཐོབ་པ་མ་གཏོགས་ཁྱོད་རང་ཉིད་བུ་བཟང་རྟ་མགྱོགས་ཏེ་གསར་བརྗེ་ལ་དཔའ་བས་དབང་གོ་ས་དེ་ཐོབ་པ་མ་རེད། དེ་རང་རང་གིས་ངོས་ཟིན་པ་བྱས་ནས་བླ་མ་དང་སྐྱེས་བུ་དམ་པ་གོང་མ་ཚོའི་སྐུ་ཞབས་སུ་ཐི་གུ་མ་འདྲེན་ཞེས་སྤྲུལ་སྐུ་རྣམས་ལ་ཅུང་བཀའ་བཙན་པོ་ཞིག་གནང་བྱུང་། ཕྱིན་ཆད་གཙོ་བོ་ཆོས་ལུགས་པ་ཡིན་ན་རང་གིས་རང་ལ་བརྩི་མཐོང་དང་རྒྱལ་གཅེས་ཆོས་གཅེས་ཞེས་རང་གི་ཆོས་ལུགས་འདི་ལ་རང་གིས་གཅེས་སྐྱོང་བྱེད་ན་འགྲིག་ལམ་ཀུན་སྤྱོད་བརྩི་བསྲུང་བྱེད་པ་གཞིར་བཞག་གི་སྟེང་ནས་མདོ་སྔགས་འཆད་ཉན་གྱི་བྱ་བ་གང་ལ་འབད་དགོས། དེང་སང་གི་དུས་སུ་རྒྱུ་ནོམ་པ་མང་ཞིང་ཐམས་ཅད་ཀྱིས་ཚེགས་བརྩོན་འགྲུས་མི་ཐེགས་ཤིང་སྐྱིད་འདོད་བདེ་འདོད་ཁོ་ན་བྱེད་པ་དེ་ཆོས་སྒྲུབ་པའི་བྱ་བ་མ་རེད། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་དགོས་པ་ཅི་རེད་ཟེར་ན། གཙོ་བོ་ཚེ་ཕྱི་མ་ཕན་ཆད་ཀྱི་དོན་ཞིག་སྒྲུབ་ཤིང་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་དང་། སེམས་ཅན་གྱི་དཀོར་ཆུ་དཀོར་ཟས་ཤིག་ཟོས་ཚད་ཀྱི་ཤི་གསོན་ཐམས་ཅད་ཐུགས་ལ་འཛིན་དགོས། གཙོ་བོ་རང་རང་གི་རང་རྒྱུད་ཀྱི་བསླབ་ཁྲིམས་རྣམ་པར་དག་པ་བསྲུང་བའི་སྒོ་ནས་སངས་རྒྱས་ཀྱི་བསྟན་པའི་ཞབས་འདྲེན་མི་བྱེད་པར་དེ་འཛིན་སྐྱོང་བྱེད་རྒྱུ་གལ་ཆེ། སྤྱིར་ཆོས་ལུགས་པ་ཞིག་ཡིན་ཕྱིན་རང་སྟེང་གི་འགྲིག་ལམ་ཀུན་སྤྱོད་ལ་བརྩི་བསྲུང་གཙོས་སངས་རྒྱས་ཀྱི་བསྟན་པ་ལ་གཅེས་སྤྲས་དང་བླ་མ་ལས་སྣ་སུ་ཡིན་རུང་འགྲིག་ཁྲིམས་བསྲུང་དགོས་ཞེས་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་མང་པོ་གསུངས་སོང་། དེའི་སྟེང་ནས་ས་དགེ་རྙིང་གསུམ་སོགས་ཕྱོགས་ཡས་མས་ཀྱི་བླ་མ་མང་བོས་བསམ་འཆར་ཡང་འགའ་རེ་ཡར་ཞུ་ཕུལ་སོང་། ང་ལ་ཁོང་རིན་པོ་ཆེས་ཐོག་མར་ཁྱེད་ཀྱིས་སྐད་ཆ་ཞིག་ཤོད་གསུངས་པར། ངས་ཁོང་ལ་འདི་ལྟར་ཞུ་བ་ཕུལ་བ་ཡིན། ང་ལ་ད་ཤོད་ཟེར་ན་སེམས་ལ་མང་པོ་འཆར་རྒྱུ་ཡང་མི་འདུག ཕྱིན་ཆད་བསམ་འཆར་རེ་བཤད་དགོས་ན་ང་ལ་ཕྱིས་སུ་ཚོགས་འདུ་སོགས་སུ་གོ་སྐབས་རེ་ཡོད་པས། དེ་རིང་གཞན་གྱི་དུས་ཚོད་གཏོང་ཟད་དུ་མི་གཏོང་། ངས་སྐྱབས་འཇུག་ཞིག་ཞུ་བ་ཡིན། སྐྱབས་འཇུག་གི་གཙོ་བོ་ནི། དེ་རིང་ནངས་ཁ་སངས་རྒྱས་ཀྱི་བསྟན་པ་ཉག་ཕྲ་བའི་སྐབས་འདིར། སངས་རྒྱས་ཀྱི་བསྟན་པ་སུ་ལ་རག་ལས་ཞེ་ན་ཁྱེད་ལ་རག་ལས་ཡོད། ཁྱེད་ནི་བོད་ཁ་བ་ཅན་གྱི་མགོན་སྐྱབས་དང་དཔུང་གཉེན་ལ་སྐུ་ཚེ་ཞབས་པད་བརྟན་རྒྱུ་ནི་གཙོ་བོ་དང་། གཉིས་ན། སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་ཡིན་ན་ངེད་ཅག་བོད་ཁ་བ་ཅན་ལ་ནམ་མཁའི་ཉི་ཟླ་གཉིས་ཞེས་དཔེ་ཉི་ཟླ་ལ་འཇོག་ས་ནི་རྒྱལ་བ་ཡབ་སྲས་ཁྱེད་གཉིས་རེད། དེས་ན་རྒྱལ་དབང་རིན་པོ་ཆེ་རྒྱལ་ཁབ་གཞན་ན་བཞུགས་ཡོད་པ་ཁོང་མྱུར་བ་མྱུར་དུ་ཕྱིར་བྱོན་ཐུབ་ནས་ཁྱེད་རྣམ་པ་གཉིས་ཡབ་སྲས་ཉི་ཟླ་ཟུང་འབྲེལ་གྱི་ངང་སངས་རྒྱས་ཀྱི་བསྟན་པ་འདི་ཇི་ལྟར་སྤེལ་བ་དང་བོད་ཁ་བ་ཅན་གྱི་བདེ་སྐྱིད་ཇི་ལྟར་སྐྲུན་པ་ཁྱེད་རྣམ་པ་གཉིས་ཐུགས་དགོངས་ཆུ་དང་འོ་མ་བཞིན་འདྲེས་པའི་སྒོ་ནས་བྱ་བ་བྱེད་པའི་སྐྱབས་འཇུག ཅེས་ངས་སྐྱབས་འཇུག་དེ་གཉིས་མ་གཏོགས་གཞན་བསམ་འཆར་འདྲ་ཅི་ཡང་མ་བཤད། དེ་ལ་ཁོང་གིས་ཐུགས་དགྱེས་དགྱེས་གནང་སོང་། ད་ཐེངས་ཀྱི་གནས་ཚུལ་དེ་འདྲ་རེད།

༢ པཎ་ཆེན་རིན་པོ་ཆེ་མཆོག་གློ་བུར་དུ་སྐུ་གཤེགས་པའི་རྒྱུ་རྐྱེན། དེ་ལྟར་ཀུན་མཁྱེན་རིན་པོ་ཆེ་ངེད་དཔོན་གཡོག་གཉིས་ཀྱིས་བཅུ་བདུན་ཉིན་གྲྭ་ཚང་ལ་མང་ཇ་དང་མཆོད་མཇལ་བྱས། བཅོ་བརྒྱད་ཀྱི་སྔ་དྲོ་ཡང་ཅིག་ཁོང་གི་སྐུ་མདུན་དུ་སོང་བ་ན། ཁོང་ལ་ཆོས་ཀྱི་བྱ་བ། འཇིག་རྟེན་གྱི་བྱ་བ། བོད་གངས་ཅན་གྱི་བྱ་བ། ལྷག་པར་ལྷ་སའི་དོན་རྐྱེན་སོགས་བྱ་བ་ཧ་ཅང་རྒྱ་ཆེ་བས། ཉིན་མོའི་ངལ་གསོ། མུན་ནག་གི་གཉིད་མེད་པར་སྐུ་ཚེགས་ཤིན་ཏུ་ཆེ་བར་འདུག དེས་ན་སང་ཉིན་ཚོ་ལ་ཁྱེད་ཀྱིས་སྐུ་ངལ་ཞིག་གསོ་དགོས། ཀུན་མཁྱེན་རིན་པོ་ཆེ་ངེད་དཔོན་གཡོག་གཉིས་སང་ཉིན་མཇལ་དུ་མི་ཡོང་། དེ་རིང་ནས་དགོངས་པ་ཞུས་པ་ཡིན་ཞེས་མཇལ་ཕྱག་དང་སྐྱབས་འཇུག་ཕུལ་བ་ན། ཁོང་གིས་ང་ལ་ཐུགས་དགྱེས་དགྱེས་གནང་བྱུང་བ་ལས་གསུང་ཅི་ཡང་མ་བྱུང་། སྐབས་དེར་ཁོང་གི་སྐུ་ཁམས་ཧ་ཅང་བདེ་མོ་བྱས་འདུག དེས་ན་ངེད་དཔོན་གཡོག་རྣམས་སེམས་བདེ་མོ་བྱས་ནས་ཕྱིར་འོངས་པ་ཡིན། སྣང་ཚོད་ལྟར་ན་ཁོང་གློ་བུར་དུ་སྐུ་གཤེགས་པའི་རྐྱེན་གཙོ་བོ་སེམས་ཅན་གྱི་བསོད་ནམས་ཟད་པ་དང་། བྱ་བ་ལམ་དུ་མི་འགྲོ་སྐབས་ཆག་སྒོ་དང་འགལ་རྐྱེན་རྒྱུན་མི་འཆད་དུ་བྱུང་རྒྱུ་ཞིག་རེད། སྐབས་དེར་ཁོང་གི་ཡབ་བཞེས་ཨ་རྒྱ་ཚང་གློ་བུར་དུ་སྐུ་བསྙུང་ནས་ཐད་འཕུར་གནམ་གྲུ་ཞིག་གི་ནང་དུ་ལྷ་སའི་སྨན་ཁང་དུ་ཁྱེར་སོང་། དེ་ཡང་ཁོང་རང་གི་ཡབ་ཡིན་པས་རྟགས་དང་རྟེན་འབྲེལ་གྱི་མཛད་སྒོ་འདིའི་མཇུག་རྫོགས་པ་དང་མཉམ་དུ་འདི་འདྲའི་སྙུང་གཞི་ངན་པ་བྱུང་བ་ལ་ཅུང་ཐུགས་མི་བདེ་བའི་ཚུལ་གནང་གི་འདུག དེའི་སྟེང་དུ་ངེད་དཔོན་གཡོག་རྣམས་ཕྱིར་ཕེབས་ཉིན་སྐུ་འབུམ་གྱི་ཨ་ལགས་ཆེ་ཤོས་ཚང་གི་རླངས་འཁོར་དཀྱུས་ཆེ་བས་དཀྱོག་མཚམས་ཞིག་ནས་ཁ་ལོ་འཁོར་སོང་། ཨ་ལགས་ཁོང་ལ་ཆག་སྐྱོན་ཆེན་པོ་མ་བྱུང་མོད། འོན་ཀྱང་། པཎ་ཆེན་རིན་པོ་ཆེ་ཁོང་གི་ཡོངས་འཛིན་རྒྱ་ཡག་ཚང་གི་ཚ་བུ་ཞིག་ཆེ་ཤོས་ཚང་གི་ཞབས་ཕྱི་བ་ཡིན་པ་དེའི་རྐང་ལག་རེ་བཅག་ཡོད་པ་དེ་ཁོང་ལ་ཞུས་པ་ན། བཀྲ་ཤིས་ལྷུན་པོའི་དོ་དམ་ཁང་གི་ཀྲུའུ་རིན་གཞོན་པ་བླ་མ་འཇི་ཚེ་དབང་ཟེར་བ་ཞིག་ཡོད་པ་དེ་མཚམས་འདྲིར་མངགས་པ་ན། ཆེ་ཤོས་ཚང་དཔོན་གཡོག་རྣམས་མྱུར་ཏུ་རླངས་འཁོར་གཞན་པ་ཞིག་ཏུ་བསྡད་ནས་ཕེབས་སོང་བས་རྗེས་མ་ཟིན། ཁོང་རྣམས་ཁ་ཕྱིར་འཁོར་ནས་ཡོང་སྐབས་རླངས་འཁོར་ཅུང་དཀྱུས་ཆེ་བ་དང་སྔུན་ནས་རླངས་འཁོར་ཆེ་བ་ཞིག་གློ་བུར་དུ་བསྡད་པས། དེ་དང་གདོང་ཐུག་ནས་ཁ་ལོ་བ་དང་གྲྭ་བ་བླ་མ་བཅས་གསུམ་པོ་གནས་དེར་གཤེགས་སོང་། དེ་ལ་ཐུགས་འཚེར་ཆེན་པོ་གནང་བ་ལ་རྐྱེན་བྱས་ནས། རྒྱ་ཡིན་ན་ཞེན་ཅེའུ་ཀུན་ཟེའུ་ཟེར་བ་སྙིང་གི་ཁྲག་རྩ་གློ་བུར་དུ་མི་བགྱི་བའི་ཚུལ་ལྟ་བུ་མཛད་ནས་གསུང་མི་འབྱོན་པར་ཉིན་གཉིས་ལ་བཞུགས་པ་རེད། ཡིན་ནའང་ཀྲུང་དབྱང་ནས་གནས་ཚུལ་དེ་མྱུར་ཏུ་སྒྲོག་མི་ཉན། ལྷ་ས་ན་སྐབས་དེར་རྙོག་དྲ་ཅུང་ཆེ་བས་གསང་བ་བྱེད་དགོས་ཞེས་ངེད་ཚོ་ཐམས་ཅད་ལ་ཚོར་དུ་མ་བཅུག ངེད་དཔོན་གཡོག་གཉིས་སྤྱི་རྩིས་ཀྱི་ཉི་ཤུ་དགུའི་ཉིན་ལྷ་སའི་གནམ་གྲུ་ཐང་དུ་ཐོན་དུས་རྒྱལ་ཁབ་ཀྱི་འགོ་འདྲེན་འགའ་རེའི་ང་ལ་གསང་བའི་ཚིག་གིས་ཁོང་གི་སྐུ་གཟུགས་བདེ་མོ་ཞིག་བྱས་མེད་པས། ཀྲུང་དབྱང་ནས་སྨན་པ་སུམ་ཅུ་ལྷག་གནམ་གྲུའི་ནང་ནས་ཁྲིད་བྱུང་ཡོད། འོན་ཀྱང་། ཁོང་གི་སྐུ་གཟུགས་བཟང་སྟབས་གཞན་དང་མི་འདྲ། སྐྱོན་ཆེན་པོ་མི་འབྱུང་། ཁྱེད་ཀྱིས་སེམས་བདེ་བ་བྱོས་དང་ཆོག་རྒྱུ་རེད་ཅེས་བཤད་བྱུང་། གང་ལྟར་ལས་དབང་གིས་ངེད་རྣམས་ཕྱིར་ཁྲིན་ཏུ(成 都)རུ་འབྱོར་དུས་པཎ་ཆེན་ཐམས་ཅད་མཁྱེན་པ་ཐུན་མོང་སྣང་ཚོད་ལ་སྐུ་མྱ་ངན་ལས་འདས་པའི་ཚུལ་མཛད་འདུག སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་བོད་ཁ་བ་ཅན་གྱི་འགྲོ་དོན་ལ་ཀྲུང་དབྱང་ན་རེ་ས་སྐྱབས་ས་སེམས་གཏོད་ཆོག་ཆོག་གཅིག་བུ་ཁོང་ནི་སེམས་ཅན་གྱི་ལས་དང་བསོད་ནམས་ཀྱི་སྟབས་ཀྱིས་ངེད་ཅག་ལ་མ་དབང་བ་རེད།

༣ པཎ་ཆེན་རིན་པོ་ཆེ་མཆོག་གི་བཀའ་དྲིན་བསམ་ཞིང་ཐུགས་སྐྱོ་གདུང་དྲག་པོས་མནར་ཚུལ། རང་རེའི་དགོན་པ་འདི་ལ་མཚོན་ན་ཚོགས་ཆེན་འདུ་ཁང་བཞེངས་བྱེད་ཀྱི་གསེར་ཁོང་གིས་ང་ཁ་སྔོན་ཡར་ཐོན་དུས་ནས་བཟུང་བཤད་ནས་སྟེར་རྒྱུ་ཐག་བཅད་ཡོད། སྤྱིར་ངེད་ཚོས་གསེར་སྤྱི་རྒྱ་བདུན་ཅུ་རྒྱ་མ་བརྒྱ་དང་བཞི་ཅུ་ཡར་གོང་རིམ་ལ་སློང་ཡོད་པ་ལས་གསེར་སྤྱི་རྒྱ་སུམ་ཅུ་མ་གཏོགས་མི་སྟེར་ཞེས་ཐབས་མེད་པ་ལ། པཎ་ཆེན་རིན་པོ་ཆེ་ཁོང་གིས་བར་བརྒྱབ་ནས་སྤྱི་རྒྱ་ལྔ་བཅུ་རྒྱ་མ་བརྒྱ་ངེས་པར་དུ་སྟེར་དགོས་ཞེས་ཐག་བཅད་པ་དང་། འཕྲོ་ནས་མ་འདང་ན་ཡང་སྐྱར་སློང་ཞེས་ཐུགས་ཁུར་ཆེ་བཞེས་ཀྱིས་ཕར་མ་ཞུས་པར་ཚུར་གསུངས་བྱུང་བ་དང་། ཁོང་ལ་དཔལ་བཀྲ་ཤིས་ལྷུན་པོ་དང་བཀྲ་ཤིས་འཁྱིལ་བ་གཉིས་ལ་ཁྱད་མེད་གཅིག་ཡིན་ཞེས་ཀུན་མཁྱེན་འཇིགས་མེད་དབང་བོ་དང་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་རིང་ནས་རྣམ་པ་གཉིས་སྐུ་ཕྲེང་རིམ་བྱོན་ལ་བླ་མ་དང་སློབ་མ་བྱས་ནས་དམ་ཚིག་ལ་སེར་ཁ་མ་ བྱུང་སྟབས་གྲྭ་ཚང་འདི་ལའང་ཐུགས་ཁུར་དེ་འདྲ་ཆེ་བཞེས་གནང་གི་ཡོད་པ་རེད། དེ་དག་ལ་བསམ་ན་ཀུན་མཁྱེན་རིན་པོ་ཆེ་ངེད་དཔོན་གཡོག་གཉིས་ཀྱི་སེམས་ཧ་ཅང་སྐྱོ་བ་འདུག ཡིན་ནའང་འཇིག་རྟེན་གྱི་བྱ་བ་ཟེར་བ་སེམས་ཇི་ལྟར་ཕམ་རུང་ཕན་པ་མི་འདུག ཐུན་མོང་སྣང་ཚོད་ལ་ཁོང་གིས་ཞིང་འདིའི་གདུལ་བྱ་གནས་སྐབས་སུ་རྫོགས་པའི་ཚུལ་བསྟན་ན། དག་པའི་ཞིང་ཁམས་རྣམས་སུ་ཕེབས་ནས་ཕྱིར་སྤྲུལ་སྐུ་མྱུར་ཏུ་འབྱོན་རྒྱུ་རེད་བསམ་ནས་རང་གིས་རང་ལ་སེམས་གསོ་བྱེད་རྒྱུ་ལས་གཞན་ཐབས་ཅི་ཡང་མི་འདུག ཀུན་མཁྱེན་རིན་པོ་ཆེ་ཚང་གི་སྐུ་གཟུགས་མི་བདེ་རྒྱུ་མེད་མོད། ཡིན་ཡང་བསྙུང་རྒྱུ་རེ་ཡོད་པས། ངས་ཁོང་ལ་ཁྱེད་ཀྱིས་ཐུགས་འགྱོད་ཆེན་པོ་མ་གནང་། ད་ཅི་ཡིན་རུང་ཐབས་ཀྱང་མི་འདུག ཁྱེད་ཀྱི་སྐུ་ཚེ་ཞབས་པད་བརྟན་རྒྱུ་གལ་ཆེ་ཞེས་ཞུས་ཤིང་། ངེད་དཔོན་གཡོག་གཉིས་ཀྱིས་གྲོས་བྱས་པ་ལ། ང་རང་གི་ཐད་ནས་སོང་ན་པཎ་ཆེན་རིན་པོ་ཆེ་ཁོང་གིས་དགོན་པ་འདི་ལ་ཐུགས་ཁུར་ཆེ་བཞེས་མ་གནང་གི་བསམ་པ་ཞིག་མེད་པ་དང་། སྐུ་ཕྲེང་རིམ་བྱོན་གྱི་ཕན་ཚུན་བླ་སློབ་ཀྱི་འབྲེལ་བ་བསམ་ན་ཕྱོགས་གང་ཐད་ནས་བཀྲ་ཤིས་འཁྱིལ་བ་ཚང་གི་ཚབ་བྱས་ནས་ཡར་བཀྲ་ཤིས་ལྷུན་པོར་འགྲོ་དགོས་ཞེས་ཞུས་པ་ན། ཀུན་མཁྱེན་རིན་པོ་ཆེ་ཁོང་ནས་ཁྱེད་ལོ་ཚོད་ནམ་ཚོད་དང་ལྷག་ཏུ་ད་ཐེངས་ཡང་དཀའ་ལས་ཆེན་པོ་བྱུང་སོང་། ཁོང་གི་ཡང་སེམས་མི་བདེ་བས། ཁོང་ངེད་གཉིས་དང་དགོན་པ་གྲྭ་ཚང་གི་ཚབ་བྱས་ནས་ཡར་ཕེབས། ཁྱེད་ཕྱིར་སོང་ནས་གྲྭ་ཚང་ལ་སེམས་གསོ་དང་གདུང་མཆོད་སོགས་ཀྱི་བྱ་བ་ལ་བཀོད་པ་རེ་བྱོས་དང་བཀྲ་ཤིས་ལྷུན་པོ་ཚང་ལ་རྒྱུ་མཚན་ཁོང་གིས་བཤད་ཅེས་གསུངས་པ་ལྟར་ང་དེ་རིང་འདིར་ཡོང་བ་ཡིན།

༤ གྲྭ་ཚང་ལ་སེམས་གསོ་དང་གདུང་རྫོགས་བྱེད་སྟངས་སྐོར། འདི་ནས་ཡང་ཨ་ལགས་སྟག་གེ་ཚང་དང་ཨ་ལགས་རབ་བརྟན་རྒྱ་མཚོ་ཚང་ལ་ལུང་བསྟན་ཞུས་ནས་དགོན་པའི་དོ་དམ་ཁང་གིས་གདུང་འབུལ་གྱི་སྐོར་བཀོད་སྒྲིག་བྱས་པ་ངེད་དཔོན་གཡོག་གཉིས་ཀྱི་སེམས་ལ་ཤར་བ་དང་གཅིག་པ་རེད། ཁ་དར་དང་གློག་འཕྲིན་གྱི་ལམ་ནས་ཡར་བཀྲ་ཤིས་ལྷུན་པོར་ཅུང་རེ་ཞུས་ཡོད། ད་ཅི་ཡིན་ཀྱང་སྔ་མ་ཐམས་ཅད་ཚར་སོང་། པཎ་ཆེན་རིན་པོ་ཆེ་ཁོང་ནི་མི་རང་ག་བ་མ་རེད། སྐྱེས་བུ་དམ་པ་ཟེར་བ་ལ་རྗེས་སུ་སྤྲུལ་སྐུ་མི་འབྱོན་པའམ། ཡང་ན་སངས་རྒྱས་ཀྱི་བསྟན་པ་ཐུགས་ནས་དོར་བའམ་སེམས་ཅན་ལ་སྙིང་མི་བརྗེ་བ་ཡོད་མི་སྲིད། དུས་ཚོད་དང་ཆ་ཐམས་ཅད་ཞིག་ལ་དགོངས་ནས་མཛད་པ་དེ་ལྟ་བུ་ཞིག་གནང་བ་ཡིན་རྒྱུ་རེད། ད་ཐེངས་ཀྱི་ཁོང་གི་མཛད་སྤྱོད་འདི་ལ་བརྟག་པ་བྱས་སོང་ན། ཁོང་གིས་དེ་རིང་ནངས་ཁ་ཀྲུང་དབྱང་གི་བྱ་བ་རྒྱ་ཆེན་པོའི་འགན་ཁུར་ནས་ནམ་ཡིན་ན་པེ་ཅིན་དུ་བཞུགས་ཡོད་པས། གལ་སྲིད་པེ་ཅིན་ཞིག་ནས་ཐུགས་དགོངས་རྫོགས་སོང་ན་སྐུ་གདུང་ཡར་འདྲེན་རྒྱུ་དང་གདུང་འབུལ་སོགས་ཕྱོགས་གང་ཐད་ནས་དཀའ་མོ་རེད། རང་གི་གདན་ས་བཀྲ་ཤིས་ལྷུན་པོར་ཕེབས་ཤིང་རང་གི་གཟིམ་ཁང་ནས་མཐའ་མ་དགོངས་པ་ཆོས་དབྱིངས་སུ་འཐིམ་པའི་ཚུལ་མཛད་ནས་ཆ་ཐམས་ཅད་དུ་སྟབས་བདེ་བོ་གནང་འདུག དེར་བལྟས་ནའང་བསམ་བཞིན་དུ་མཛད་པ་དེ་ལྟ་བུ་སྟོན་དགོས་པ་ཡིན་རྒྱུ་རེད། དེས་ན་ཁྱེད་གྲྭ་ཚང་རིན་པོ་ཆེའི་ཐུགས་ལ་མྱ་ངན་མ་བྱེད། གཙོ་བོ་གདུང་མཆོད་ཀྱི་ཕྱོགས་ནས་ཡང་འཇིག་རྟེན་མིའི་འགྲོ་ལུགས་ལྟར་ན་དགོན་པ་བཀྲ་ཤིས་འཁྱིལ་བ་ཚང་གིས་དེ་བྱས་འདི་བྱས་ཤིག་བཀྲ་ཤིས་ལྷུན་པོ་དང་སྐུ་ཚ་སྐུ་བདག་རྣམས་ལ་ཞུ་རྒྱུ་དགོས་པས། གྲྭ་ཚང་སོ་སོས་བདག་འཇུག་གསུང་བ་དང་། ལྷག་པར་དུ་ཐམས་ཅད་ཀྱིས་ཐེག་པ་ཁུར་ལེན་དགའ་བ་དང་བླང་གི་སྒོ་ནས་སྐྱོར་སྦྱོངས་ལེགས་པོ་གནང་བ་བཀའ་དྲིན་ཤིན་ཏུ་ཆེ་འདུག ཁྱེད་རང་རྣམས་ལ་ཡང་དད་པ་དག་སྣང་དང་དམ་ཚིག་གཙང་བའི་རྟགས་རེད། ཀུན་མཁྱེན་རིན་པོ་ཆེ་ཚང་ཡང་ཐུགས་དགྱེས་རྒྱུ་རེད། ང་ཕྱིར་སོང་ནས་ཁོང་ལ་གནས་ཚུལ་ཡར་ཞུ་འབུལ། ཁྱེད་རྣམས་ཀྱིས་དེ་ལྟར་བྱས་པ་དགོན་པ་གྲྭ་ཚང་ལ་བཟང་བ་དང་རང་རང་གི་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་རེད། བཀྲ་ཤིས་འཁྱིལ་བ་ཚང་ཡིན་ནའང་རྟེན་འབྲེལ་གྱི་གནད་ཅིག་ཡོད་རྒྱུ་རེད། གདུང་འདུན་གྱི་སྐོར་དེ་རིང་ནས་གནས་སྐབས་སུ་མཇུག་མཐར་ཕྱིན་པའི་ཚུལ་བྱེད་དགོས། གནང་ཉིན་ནས་ལོ་སར་རེད། ལོ་སར་ན་ད་དུང་ཡང་གདུང་འདུན་བྱས་ན་རྟེན་འབྲེལ་མི་ལེགས། སྔོན་བདག་ལོ་དགུའི་ཐོག་ཏུ་རྒྱལ་བ་ཐུབ་བསྟན་རྒྱ་མཚོ་ཞལ་མ་བཞུགས་སྐབས་སྔོན་གྱི་སྲོལ་རེད་ཅེས་ཚོགས་ཆེན་འདུ་ཁང་གི་གསེར་ཏོག་གི་སྐེད་པ་ཡན་བཏུམ་པ་རེད། པཎ་ཆེན་སྣང་བ་མཐའ་ཡས་སྐུ་གོང་མ་ཐུབ་བསྟན་ཆོས་ཀྱི་ཉི་མ་ཚང་གིས་བཀྲ་ཤིས་འཁྱིལ་ནས་དུས་འཁོར་དབང་ཆེན་བསྐུར་ཞིང་ཤིན་ཏུ་བཀའ་དྲིན་ཆེ་བས། དགོངས་པ་རྫོགས་སྐབས་ཀུན་མཁྱེན་ལྔ་བ་རིན་པོ་ཆེས་བཀའ་ཕེབས་ནས་འདུ་ཁང་གི་གསེར་ཏོག་ཅུང་ཞིག་བཏུམ་པ་རེད། དེས་ན་ད་ཐེངས་ཀྱང་ཀུན་མཁྱེན་རིན་པོ་ཆེ་ངེད་དཔོན་གཡོག་གཉིས་ཀྱིས་ཁ་པར་རྒྱབ་ནས་གསེར་ཏོག་ཅུང་ཞིག་ཐུམས་ཞེས་པ་སྔོན་ཆད་ཀྱི་ལུགས་སྲོལ་བཟུང་བ་ཡིན། འདི་བསྟན་པ་སྤྱི་ལ་དམིགས་ནས་བྱས་པ་མ་གཏོགས་དགོན་པ་རང་ལ་མཚོན་ན་ཀུན་མཁྱེན་རིན་པོ་ཆེ་སྐུ་ཁམས་བདེ་བཞུགས་ཡིན་པས་གསེར་ཏོག་བཏུམ་ནའང་ཆོག་མ་བཏུམ་རུང་ཆོག དེ་རིང་ནས་ཐུམ་ཁྲོལ། གནས་སྐབས་སུ་དེའི་སྐོར་མཇུག་ རྫོགས་པའི་ཚུལ་ཡིན། ལོ་སར་ཡིན་ནའང་ཁ་སང་ཀན་ལྷོ་ཁུལ་སྲིད་གཞུང་གིས་ལོ་སར་བྱེད་མི་ཆོག་ཅེས་ཡིག་ཆ་ཁྱབ་བསྒྲགས་བྱས་ཡོད་ཟེར། ལོ་སར་བྱེད་མི་ཆོག་ཅེས་ཧ་ཅང་གི་དྲག་པོ་བྱེད་དགོས་དོན་མེད། ལོ་སར་ཞེས་པ་དུས་ཚོད་ཀྱི་སྔ་གཞུག་ལོ་གསར་རྙིང་ཞིག་རེད། ལོ་སར་བྱེད་ཅེས་པ་དགའ་སྟོན་གྱི་ཚེ་སྐྱིད་པོ་བྱེད་པའི་རྣམ་པ་ཞིག་རེད། ངེད་དཔོན་གཡོག་གཉིས་ཀྱི་བསམ་པ་ཡིན་ན་གྲྭ་ཚང་སོ་སོ་ཡིན་རུང་རང་རང་གི་ངོས་ཐད་ནས་ཟ་རྒྱུ་ཞིམ་པོ་དང་བཞེས་རྒྱུ་རེ་ཡོད་ན་བཞེས། ཕར་ཚུར་འགྲོ་འོང་རེ་ཡོད་ན་སོང་། དེ་ལྟར་བྱས་ན་མི་ཆོག་རྒྱུ་ཅི་ཡང་མི་འདུག མྱ་ངན་བྱས་ནས་ལོ་སར་མ་བྱས་ཞེས་འུད་སྒྲོག་བྱེད་དགོས་དོན་མེད། རང་རང་ཚོའི་ཡུལ་ནས་ལོ་སར་བྱོས་དང་ཆོག འོན་ཀྱང་། སྤྱི་ཁྱབ་ཀྱིས་རྡོ་གཅལ་ཐང་ནས་འུར་རྒྱག་པའམ་ཤོག་བོས་རྒྱག་པའམ། ཡང་ན་ལྒང་ལི་འཕེན་པ་སོགས་བྱས་ན་མི་བཟང་། གཙོ་བོའི་ནང་གི་གཙོ་བོ་ནི་བཀའ་བཞིན་སྒྲུབ་པའི་མཆོད་པ་ནི་མཆོད་པ་ཀུན་གྱི་མཆོག་ཡིན་པས་ཁོང་གི་གསུང་བརྩི་རྒྱུ་ནི་ཤིན་ཏུ་གལ་ཆེ། པཎ་ཆེན་རིན་པོ་ཆེས་ནམ་རྒྱུན་ཅི་གསུངས་པ་ཁྱེད་རྣམས་ཀྱི་ཐུགས་ན་ཡོད་ལ། མཛད་པའི་མཐའ་མ་འཇིག་རྟེན་མི་ཡིན་ན་ཁ་ཆེམས་ཀྱི་ཚུལ་དུ་གནང་བ་དགོན་པ་གྲྭ་ཚང་གི་དོན་དུ་ངས་ཁྱེད་རྣམས་ལ་གོང་དུ་ཞུས་ཟིན་པ་དེ་རེད། བླ་མ་གྲྭ་ཚང་ཡིན་ན་ཐུགས་མཐུན་ཁྲིམས་གཙང་གི་སྒོ་ནས་བླ་མ་གོང་མ་རྣམས་ཀྱི་འཆད་ཉན་བཤད་སྒྲུབ་ཀྱི་བྱ་བ་མ་ཉམས་པ་གནང་ན་བཀའ་བཞིན་སྒྲུབ་པའི་མཆོད་པ་རེད། དེ་ལ་བརྟེན་ནས་རང་རང་གི་བསོད་ནམས་ཀྱི་ཚོགས་དང་། སྐྱེས་བུ་དམ་པ་ཆེན་པོ་དེ་ཚོའི་ཐུགས་གསང་གི་དགོངས་པ་ཁྱད་པར་ཅན་མྱུར་དུ་རྫོགས་པའི་རྒྱུར་བསྔོ་བ་དང་། ལྷག་པར་ཏུ་བསྟན་པ་ཉག་ཕྲ་བའི་དུས་འདིར་ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་རང་གི་མཆོག་གི་སྤྲུལ་བའི་སྐུ་བསམ་གྱིས་མི་ཁྱབ་པ་ཞིག་མྱུར་ཏུ་བྱོན་རྒྱུའི་ཐུགས་སྨོན་དང་སྨོན་ལམ་ཡག་པོ་རེ་གནང་ན། དེ་ལས་ལྷག་པའི་གདུང་མཆོད་མི་དགོས། དེ་ཁྱེད་རྣམ་པའི་ཐུགས་ལ་འཛིན་རྒྱུ་གལ་ཆེ། ངས་འདང་རྒྱབ་ན། སྤྱིར་སངས་རྒྱས་ཀྱི་བསྟན་པ་ལ་ཆག་སྒོ་ཆེན་པོ་རེད། ཡིན་ཡང་ཁོང་པཎ་ཆེན་རིན་པོ་ཆེ་ནས་ལོ་སྔ་མ་རྣམས་སུ་ཐུགས་ཁུར་ཆེ་བཞེས་ཀྱིས་ཀྲུང་དབྱང་ལ་ཡང་དང་ཡང་དུ་ཡར་ཞུ་གྲོས་གསུམ་བྱས་ནས་སྤྲུལ་སྐུ་ཚོ་ཐུགས་བརྟག་གཅོད་རྒྱུ་དང་གྲྭ་བ་ཅུང་ཇེ་མང་དུ་གཏོང་རྒྱུ། དགོན་པ་གྲྭ་ཚང་གི་འགྲོ་ལམ་འདུག་སྟངས་སོགས་ཀྲུང་དབྱང་གིས་ཁས་བླངས་དམ་བཅས་པའི་སྟེང་ནས་འགྱུར་རྒྱུ་མ་རེད། དེ་ཚོ་སེམས་འཛིན་གྱི་ཚིག་ཡིན། པཎ་ཆེན་རིན་པོ་ཆེ་ཁོང་གི་ཡང་གསུང་གི་ཆེས་མཐའ་མ་ནི་ཐམས་ཅད་པོའི་སེམས་བདེ་མོ་བྱོས། སངས་རྒྱས་ཀྱི་བསྟན་པ་དེ་ལྟར་འཇིག་ཐུབ་ནི་མ་རེད། འདི་ཀྲུང་གོ་གུང་ཁྲན་ཏང་གཅིག་བུ་མ་རེད། དེང་སང་སུའུ་ལེན་ནའང་སངས་རྒྱས་ཀྱི་བསྟན་ཡང་བསྐྱར་དར་གྱི་ཡོད་པ་རེད། བསྟན་པ་ཡང་དར་ཞིག་ཡོང་རྒྱུ་རེད་ཅེས་ངེད་ཚོ་ལ་ད་ཐེངས་ཚོགས་འདུ་མཇུག་བསྡུ་སྐབས་སུ་གསུངས་སོང་། དེས་ན་ཁྱེད་རྣམ་པ་ཚོས་ཀྱང་དེ་ལྟར་སེམས་བདེ་མོ་བྱོས།

སྤྱིར་ན་པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པ་སངས་རྒྱས་ཀྱི་བསྟན་པ་ལ་ཆག་སྒོ་ཆེན་པོ་ཡིན་མོད། འོན་ཀྱང་དེ་ལ་རྒྱུ་མཚན་དུ་བྱས་ནས་གནའ་དུས་ལྟ་བུ་བྱུང་རྒྱུ་རེད་བསམ་པ་མི་དགོས། ཀྲུང་དབྱང་གི་སྲིད་ཇུས་དེ་ལྟར་དུ་འགྱུར་ཐུབ་པ་མིན་ལ་འགྱུར་རྒྱུ་ཡང་མ་རེད། གཙོ་བོ་གོང་དུ་བཤད་པ་ལྟར་རང་རང་གིས་རང་གི་ཆོས་ལུགས་ལ་གཅེས་སྐྱོང་མ་བྱས་ན་གཞན་སུས་བྱེད། དེས་ན་དགོན་པ་གྲྭ་ཚང་གཞན་དང་མི་འདྲ་བ་ཞིག་ཡོད་པ་འདི་ལ་ཀུན་གྱིས་ཐུགས་ཁུར་ཆེ་བཞེས་གནོངས། ད་ཐེངས་ལྷ་སར་སོང་ནས་གྲྭ་ས་སོ་སོར་མཇལ་ཞིང་གནས་ཚུལ་ལ་བལྟས་པ་ན། གྲྭ་ས་ཐམས་ཅད་ལོ་སྔ་མ་སྔ་མ་ལས་ཡར་རྒྱས་ཆེན་པོ་བྱུང་འདུག གྲྭ་བ་ཡང་ཅུང་ཇེ་མང་དང་གྲྭ་བའི་འཚོ་བའང་ཇེ་ལེགས་སུ་སོང་འདུག ལྷ་ཁང་གསེར་ཁང་དང་སྐུ་གསུང་ཐུགས་རྟེན་ཟེར་བ་རྒྱུན་མི་འཆད་དུ་ཞིག་གསོ་བྱེད་ཀྱིན་འདུག ལྷག་པར་དུ་པཎ་ཆེན་རིན་པོ་ཆེ་ཁོང་བཞུགས་ཡོད་རྒྱུ་ན་ལོ་རྗེས་མར་དགའ་ལྡན་ཉམས་གསོ་བྱེད་རྒྱུ་དང་། དེར་བརྟེན་ཀྲུང་དབྱང་གིས་སྒོར་དུང་འཕྱུར་ཙམ་སྟེར་ནས་ལྷ་སའི་དགོན་པ་སོ་སོ་ཉམས་གསོ་བྱེད་རྒྱུ་ཐག་བཅད་ཡོད། དེ་ལ་བལྟས་ནའང་སངས་རྒྱས་ཀྱི་བསྟན་པ་ལ་ཆག་སྐྱོན་ཆེན་པོ་མི་འདུག་པ་འདྲ། ང་རང་རང་ཡིན་ན་དུས་ནམ་ཡང་བསྟན་འཛིན་གྱི་སྐྱེས་བུ་དམ་པ་དེ་ཚོའི་སྐུ་བགེགས་ང་རང་གི་སྟེང་དུ་བྱུང་ན་ང་དྲུག་ཅུའི་རྟེན་མ་བདུན་ཅུའི་སྔས་མགོ་བྱས་ཡོད་པས་ཤི་ན་འཆི་ཚད་མིན་རྒྱུ་ཅི་ཡོད་ཅེས་ད་བར་དུ་སྨོན་ལམ་དེ་ལྟར་བཏབ་པ་ཡིན། འོན་ཀྱང་། འཇིག་རྟེན་གྲོང་བ་ཡིན་ཡང་མི་གང་བཟང་དང་བྱིས་པ་གང་ལེགས་ཀུན་གྱིས་སྨོན་པ་བྱེད་ས་དེ་ནི་མི་དབང་བ་དང་། འདི་ཤི་སོང་ན་འགྲིག་འདུག་བསམ་པ་འཆི་རྒྱུ་མེད་པ་དཔེ་རེད། ད་ནི་དགོན་པ་འདི་ལ་མཚོན་ན་བླ་མ་འདི་རྣམ་པ་ངེད་ཚོ་ཉུང་ཉུང་ཞིག་མ་གཏོགས་ཨ་ལགས་ཀྱང་ཤུལ་དུ་ལྷག་མེད་པས། ང་རང་ཡིན་ཡང་སངས་རྒྱས་ཀྱི་བསྟན་པ་ལ་ཕན་ཅུང་ཙམ་ཞིག་ཐོགས་ན་མི་འཆི་བའི་སྨོན་ལམ་ཞེས་སྨོན་ལམ་བཏབ་ཡོད། སངས་རྒྱས་ཀྱི་བསྟན་པ་ལ་ཕན་མི་ཐོགས་ཤིང་གནོད་པ་ལས་མེད་ན་མྱུར་བ་མྱུར་དུ་ཤི་ན་བཟང་། ད་དུང་ཡང་གྲྭ་ཚང་རིན་པོ་ཆེ་ལ་སྐུ་གཡོག་ཞབས་ཞུ་རེ་བསྒྲུབ་ནས་ཚོགས་ཆེན་འདུ་ཁང་འདི་ཡང་མཐར་ཕྱིན་པ་དང་། དགའ་སྟོན་རྟེན་འབྲེལ་ཞིག་ལོ་རྗེས་མར་བྱེད་དགོས་པས་དེ་ཚོ་ཡང་མཐོང་ན་འདོད་ཡོད། གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེས་མཆོད་རྟེན་མཐོང་གྲོལ་ཆེན་མོ་ཞིག་བཞེངས་ཡོད་པ་མེད་སོང་བས། དེ་ཡང་བསྐྱར་བཞེངས་བྱེད་དགོས། དེ་བར་དུ་མ་ཤི་ན་བསམ་ཡོད། ང་རང་གི་བསམ་པ་འཛིན་ཚུལ་དེ་འདྲ་ཡིན། གྲྭ་ཚང་རིན་པོ་ཆེ་དང་ཀུན་མཁྱེན་བླ་མ་ལ་སྐུ་གཡོག་ཞབས་ཞུ་དང་རོགས་ར་མདའ་ཅི་ཐུབ་བྱེད་རྒྱུ་ཡིན། གུང་ཐང་ཚང་ཟེར་བ་ཞིག་མདོ་སྨད་དུ་ཡོད་པའི་རྒྱུ་མཚན་ཡང་ཀུན་མཁྱེན་འཇམ་དབྱངས་བཞད་པའི་བསྟན་པ་སྤེལ་གྲོགས་ཤིག་ཏུ་སྨོན་ལམ་བརྒྱབ་པས་རེད། ང་དེ་ཚོའི་སྤྲུལ་སྐུ་ཅན་པོ་མ་རེད་དེ། མིན་ན་ཡང་སྔོན་བསགས་ཀྱི་ལས་དབང་ཞིག་ཡོད་པར་འདུག ད་ཐེངས་ལྷ་སར་སོང་ནས་ཉིན་གཅིག་ངེད་དཔོན་གཡོག་རྣམས་མ་བོས་ལྷན་ཅིག་ཏུ་པོ་ཏ་ལའི་རྩེར་འཛོམས་ཤིང་དེར་མཉམ་དུ་དཔར་ཞིག་ལེན་བསམ་པ་ན། ཀུན་མཁྱེན་འཇམ་དབྱངས་བཞད་རྒན་ཚང་གི་ཐུགས་ཀྱི་སྲས་པོ་བསེ་ངག་དབང་བཀྲ་ཤིས་རེད། བསེ་ཚང་ཡང་ཕེབས་འདུག སྡེ་བ་བློ་བཟང་དོན་གྲུབ་རེད། དེའི་སྤྲུལ་སྐུ་སྡེ་བ་ཚང་ཡང་ཕེབས་འདུག ཁྲི་ཆེན་དགེ་འདུན་ཕུན་ཚོགས་ལ་ཀུན་མཁྱེན་འཇམ་དབྱངས་བཞད་པས་ཁོང་འཇིག་རྟེན་ཁམས་སུ་ཁྱེད་ཀྱི་དོན་དུ་བྱོན་པ་ཡིན་ཞེས་བཀའ་གྱོན་འདྲ་གནང་ཞིང་ཁོང་གི་ནང་ཐུགས་ཀྱི་སྲས་ཆེས་གཙོ་བོ་རེད། དེའི་ཁྲི་ཁ་གདན་ས་སྐྱོང་བ་པོ་ང་རེད། དེས་ན་ངེད་ཚོ་ཐམས་ཅད་དེར་ལྷན་གཅིག་ཏུ་འཛོམས་པ་ནི་འདང་རྒྱབ་ན་བླ་མ་གོང་མ་ཚོའི་ཐུགས་སྨོན་དང་སྔོན་བསགས་ཀྱི་ལས་དབང་ཞིག་ཡིན་རྒྱུ་རེད་བསམ་པ་ཤར་སོང་།

༦ ཀུན་མཁྱེན་རིན་པོ་ཆེ་ད་ཐེངས་ལྷ་སར་ཕེབས་བཞུད་གནང་བའི་གནས་ཚུལ། ཀུན་མཁྱེན་རིན་པོ་ཆེ་ལྷ་སར་ཕེབས་པ་ད་ཐེངས་ཐོག་དང་བོ་རེད། ང་སྔོན་ཆད་ལྷ་སར་ཐེངས་འགར་སོང་བས་མི་ཅུང་ཆ་ཡོད་དང་ས་ཅུང་རྒྱུས་ཡོད་ཡིན་པས། ད་ཐེངས་ཁྱེད་ཀྱི་སྐུ་གཡོག་ཞབས་ཞུ་འགོ་སྔ་མ་ཡོངས་སུ་རྫོགས་པར་ངས་བྱེད་རྒྱུ་ཞེས་ཞུས་ནས་ངེད་དཔོན་གཡོག་རྣམས་སོང་བ་ཡིན། ངེད་ཅག་རང་གི་ངོས་ཐད་ནས་བཤད་ན་ཀུན་མཁྱེན་བླ་མ་ད་ཐེངས་སྟོད་དབུས་གཙང་དུ་ཕེབས་ན་འགོ་བཀྲ་ཤིས་རྔ་མ་ཕུན་སུམ་ཚོགས་པ་ཞིག་བྱུང་ན་བཟང་བས་དེ་དག་ཡག་པོ་བྱུང་སོང་། ཁོང་གི་སྐུ་གཟུགས་བདེ་མོ་འཚམས་པོ་དང་ངེད་རྣམས་ལ་ཡང་ན་བ་ཚ་གསུམ་ནི་མ་བྱུང་བར་གྲྭ་ས་སེ་འབྲས་དགེ་གསུམ་དང་ས་སྐྱ། ཞྭ་ལུ། སྙེ་ཐང་སོགས་སུ་མཇལ་ཞིང་ལྷག་པར་གྲྭ་ས་སེ་འབྲས་དགེ་གསུམ་གྱིས་ངེད་དཔོན་གཡོག་རྣམས་ལ་དགའ་བསུ་ཆེན་པོ་བྱས་སོང་། གྲྭ་སའི་བླ་མ་ལས་སྣ་ཚོས་མཆོད་མཇལ་གང་དུ་ཕེབས་ཀྱང་སྤོས་སྣ་འདྲ་བྱས། གསོལ་སྟོན་འདྲ་དྲངས་པ་དང་། ལྷག་པར་དཔལ་ལྡན་འབྲས་སྤུངས་གྲྭ་ཚང་གི་གྲྭ་བ་ཚང་མ་མཇལ་དུ་ཕེབས་ཤིང་ཁོང་གིས་མཇལ་ཁ་དང་སྤྱི་འཇོག་ལེགས་པོ་ཕུལ་ཞིང་སྒོ་མང་གིས་ནན་གྱིས་ཞུས་པ་ལྟར་གསུང་བཤད་ཀྱང་གནང་བ་རེད། དགོན་པ་གཞན་པ་ཚོ་ལ་ཁོང་གིས་དབུས་སྐད་ལེགས་པོ་མི་མཁྱེན་པས་ཁྱོད་ཀྱིས་ཁོང་གི་ཚབ་བྱས་ནས་འགྲིག་པོ་ཞིག་ཤོད་གསུངས་པ་ལྟར་ང་རང་གིས་ཀྱང་ཁོང་གི་ཚེགས་ལེན་ཞིག་ཉན་རུང་ཉན་ནི་རེད་བསམ་སྟེ་ཕལ་ཆེར་ལ་ངས་ཁ་བརྡ་རེ་བྱས་པ་ཡིན། ཁོང་གིས་འདི་ནས་གྲ་སྒྲིག་བྱས་ནས་དགེ་བཤེས་དཔེ་ཆ་བ་འགའ་རེ་ཁྲིད་ཡོད་པས་ངེད་དཔོན་གཡོག་རྣམས་འབྲས་སྤུངས་སུ་ཕེབས་དུས་སྒོ་མང་གྲྭ་ཚང་གི་ཆོས་ར་ནས་རྟེན་འབྲེལ་གྱིས་དམ་བཅའ་ཞིག་ཚུགས་ན་ཞེས་སྒོ་མང་གིས་གསུངས་པ་ལྟར་ངས་ཁོང་གི་ཚབ་བྱས་ནས་གྲྭ་ཚང་ལ་དམ་བཅའ་ཚུགས་སུ་བཅུག་པ་ན། སྒོ་མང་བ་དང་བློ་གསལ་གླིང་བ་བཅས་འབྲས་སྤུངས་ཀྱི་གྲྭ་བ་ཕལ་ཆེར་ཕེབས་ཤིང་རྩོད་པ་འདྲ་བྱེད་སྐབས་ཁོ་ཡར་ལེན་རྒྱུ་ཁྱོད་ཡར་ལེན་རྒྱུ་ཞེས་ནས་དགའ་ཞིང་མགུ་བའི་ངང་ནས་ཕན་ཚུན་ལ་ཧ་ཅང་ཡག་པོ་བྱུང་སོང་། ངེད་དཔོན་གཡོག་ཚོས་དེར་ཐལ་སྐད་རེ་བཏང་། སྔ་མོ་དགེ་ལྡན་བསྟན་འབར་མ་རེ་གསུངས་ནས་བསྟན་པ་ཡུན་རིང་དུ་གནས་པའི་ཐུགས་སྨོན་རེ་ཞུས་པ་ལ། འབྲས་སྤུངས་གྲྭ་ཚང་ཐུགས་ཧ་ཅང་དགྱེས་འདུག་ཅེས་ཚ་རྡོར་ཚང་སོགས་དེར་ཕེབས་པའི་བླ་མ་རྣམས་ཀྱིས་ང་ལ་གསུང་བྱུང་། ཀུན་མཁྱེན་རིན་པོ་ཆེ་ཁོང་ཡང་ཆོས་ར་ནང་སོགས་སུ་ཕེབས་ཤིང་གཟིགས་ནས་ཐུགས་ཧ་ཅང་དགྱེས་དགྱེས་གནང་སོང་། འབྲས་སྤུངས་ལ་གསུང་བཤད་གནང་སྐབས་བཀྲ་ཤིས་འཁྱིལ་བ་བུ་དགོན་རེད། སྒོ་མང་གྲྭ་ཚང་མ་དགོན་རེད། བུ་དགོན་དང་མ་དགོན་གྱི་ཆོས་ལུགས་ཀྱི་དད་པའི་སྟེང་གི་སོང་ན། འཇིག་རྟེན་གྱི་དུང་བའི་སྟེང་གི་སོང་ན་ཕན་ཚུན་འབྲེལ་ཆེ་བས། ད་ཐེངས་འདིར་མཇལ་རྒྱུ་བྱུང་བ་སྐལ་བ་ལྡན་པ་རེད། ཐུགས་དགྱེས་པ་ཡིན། ཁྱེད་རྣམ་པ་ཚོས་འདི་འདྲའི་གྲ་སྒྲིག་དང་སྣེ་ལེན་ཟབ་རྒྱས་གནང་བ་ལ་བཀའ་དྲིན་ཆེ། འཇམ་དབྱངས་བཞད་པ་སྐུ་ཕྲེང་བདུན་པ་དགོན་པ་གྲྭ་ཚང་འདིའི་ནང་གི་ཚོགས་ཆོས་ར་ལ་ཕེབས་མི་ཞིག་བྱུང་རྒྱུའི་ཐུགས་སྨོན་སྐྱབས་འཇུག་ཐུགས་ལ་འཛིན་རོགས་གནོངས། ཁོང་ལ་དེ་མིན་གསུང་རྒྱུ་ཅང་མེད་ཅེས་གསུངས་པ་ལ། ང་རང་གི་བསམ་ཚུལ་ཞིག་ཏུ་ཁོང་ཆོས་ར་སོགས་སུ་ཕེབས་ཤིང་གཟིགས་པ་ན། དགོན་པ་གྲྭ་ཚང་འདི་ནས་ཚོགས་ཆོས་ར་འགྲིམས། བསླབ་པ་སློབ་གཉེར་བྱེད་རྒྱུ་ཞིག་བྱུང་ན་ཨེ་མ་ཧོ་རྨད་བྱུང་སྐལ་བ་བཟང་ཐུགས་ལ་དགོངས་ནས་སྐུ་ཕྲེང་རྗེས་མ་ཞིག་ལ་འདི་འདྲའི་སྐྱེ་བ་ལེན་རྒྱུ་ཞེས་ཐུགས་སྨོན་གནང་བ་ཡིན་མོད་བསམ་བྱུང་། ཡིན་ན་ཡང་ཁོང་ད་རུང་དགུང་ལོ་འདི་འདྲ་ཆུང་བས་སྐུ་ཕྲེང་བདུན་པ་ཞེས་ད་ལྟ་ནས་གསུང་དགོས་དོན་མེད་པ་འདྲ་བ་ཞིག་རེད། དེས་སྟབས་ཀྱིས་ཐམས་ཅད་པོས་ཐུགས་འདང་རེ་གནོངས་ལ་རྗེས་སུ་ཁོང་ཕྱིར་ཕེབས་དུས་བརྟན་བཞུགས་རེ་ཕུལ་དང་བཟང་། ངས་ཨ་ལགས་རབ་བརྟན་རྒྱ་མཚོ་ཚང་ལ་ཡང་ཞུས་ཡོད། དེ་ང་རང་གི་སེམས་ལ་ཤར་ཚུལ་ཡིན། ད་ཐེངས་གྲྭ་ས་སོ་སོར་ཕོག་གཏོང་སྒོ་བཟང་པོ་ཞིག་བྱེད་རྒྱུ་ཟེར་ན་ཁོང་གི་ཕྱག་རྫས་ནོམ་རྫས་ཀྱིས་ཀྱང་དཀའ་མོ་རེད། ཕོག་གཏོང་སྒོ་ཉུང་ཙམ་ཞིག་བྱས་ན་ཆོས་ཆོས་སར་འགྲོ་རྒྱུ་མ་རེད། འཇིག་རྟེན་གྱིས་སོང་ན་འཇམ་དབྱངས་བཞད་པས་གཏོང་སྒོ་བཟང་པོ་མ་བྱས་ཟེར་ནས་བཤད་རྒྱུ་རེད། འདི་ནས་ལྷ་སྡེ་ཚོ་ལ་སློང་མོ་དང་གྲྭ་སྒྲིག་འདྲ་བྱས་ན་རྒྱལ་ཁབ་ལ་ཡང་བཤད་རྒྱུ་མང་བས། དེ་ལས་རང་གི་ངོས་ཐད་ནས་ཚོགས་བསགས་ཏེ་གཏོང་སྒོའི་མིང་མི་ལེན་གསུངས་ནས་གཏོང་སྒོ་མ་གནང་། འོན་ཀྱང་གྲྭ་ས་སོ་སོར་སྤྱི་འཇོག་བཟང་པོ་བྱས་ནས་ཐམས་ཅད་པོའི་ཐུགས་དགྱེས་པ་བྱུང་ཡོད། ཁོང་ལྷ་སར་ཕེབས་པའི་གནས་ཚུལ་གྱི་རིམ་པ་དེ་ལྟར་ཡིན། རང་གི་ངོས་ཐད་ནས་སོང་ན་ཀུན་མཁྱེན་བླ་མ་ད་ཐེངས་ཡར་ཕེབས་ནས་བྱ་བ་དང་ཐུགས་དོན་ཐམས་ཐད་འགྲུབ་པ་ཡིན།

མཇུག་སྡོམ།

སྤྱིར་ན་སངས་རྒྱས་གྱི་བསྟན་པ་ལ་ཆག་སྒོ་ཆེན་པོ་བྱུང་སོང་། ཡིན་ན་ཡང་པཎ་ཆེན་རིན་པོ་ཆེའི་སྤྲུལ་སྐུ་མྱུར་བ་མྱུར་ཏུ་འཁྲུངས་རྒྱུ་དང་སྤྲུལ་སྐུ་འཁྲུངས་ན་བླ་མ་རྣམ་གསུམ་སོགས་ཀྱིས་བཀའ་གྲོས་ཐུགས་བསྡུར་བྱས་ནས་གཅིག་ཐོག་ཏུ་ཞོག་ཉིན་ཀྲུང་དབྱང་གིས་ཆོག་མཆན་བཀོད་ནས་པཎ་ཆེན་རིན་པོ་ཆེའི་སྤྲུལ་སྐུ་རུ་ཁས་ལེན་རྒྱུ་ད་ནས་བཟུང་ཐག་དེ་བཅད་ཡོད། པཎ་ཆེན་རིན་པོ་ཆེ་ཁོང་ལ་ད་ཐེངས་རྒྱ་རིགས་ཚོ་ཡིན་ནའང་དཔེ་མེད་པའི་ཆེ་བརྗོད་དང་བསྔགས་བརྗོད་ད་སྔ་མི་རིགས་གྲངས་ཉུང་གི་མི་སྣ་ཞིག་ལ་ལོ་རྒྱུས་ཐོག་མེད་པ་ལྟ་བུ་བྱས་ཡོད། ཁོང་ལ་དེ་ལྟར་བྱས་པ་སྤྱིར་ངེད་ཚོ་གྲྭ་བ་ཐམས་ཅད་ལ་བཟང་གི་མ་གཏོགས། ལྷག་པར་ལྷ་ས་ནས་ཉེ་སྔོན་གྲྭ་བ་ཚོས་ཆག་སྒོ་འགའ་ཕུད་སྟབས། སི་ཁྲོན་ཕྱོགས་སོགས་ཀྱི་རྒྱ་མི་ཚོས་གྲྭ་བ་ཞིག་མཐོང་ན་ཚིག་པ་ཟ་བའམ་འདི་དག་ལ་གཏོར་བརླག་བྱེད་རྒྱུ་ལས་མེད་ཟེར་བའམ། འདི་ཚོ་ལ་གཉའ་གནོན་མ་བྱས་ན་བཤད་རྒྱུ་ཏག་ཏག་ཟེར་བའམ་གྲྭ་བ་ཞིག་ཡིན་ཕྱིན་གནས་ཚང་ཡང་གཡར་མི་ཕོད་པའི་ཚད་དུ་སླེབས་འདུག དེའི་སྟབས་ཀྱིས་སྲིད་གཞུང་ལ་ཡང་བླ་མ་གྲྭ་བའི་སྟེང་དུ་ལྟ་ཚུལ་ཅུང་ཡོད་པས། ད་ཐེངས་ཁོང་ལ་འདི་ལྟ་བུའི་ཆེ་བརྗོད་བསྔགས་བརྗོད་བྱས་པ་ནི་སྤྱིར་ན་སངས་རྒྱས་ཀྱི་བསྟན་པའི་དགེ་མཚན་ཞིག་དང་། ལྷག་ཏུ་བླ་མ་གྲྭ་བ་ཚོ་ལ་ཕན་ཆེན་པོ་ཐོགས་ཡོད། དེས་ན་པཎ་ཆེན་རིན་པོ་ཆེ་ཁོང་གིས་གསུངས་པ་བཞིན་དུ་ཐམས་ཅད་པོས་ཐུགས་བདེ་མོ་བྱོས་དང་སངས་རྒྱས་ཀྱི་བསྟན་པ་དེ་ལྟར་འཇིག་རྒྱུ་མ་རེད། ཉེ་བའི་ལོ་འགའི་སྔོན་ལྟར་སངས་རྒྱས་ཀྱི་བསྟན་པ་ལ་ཉམས་ཆག་ཆེན་པོ་བྱུང་རྒྱུ་མ་རེད། ཐམས་ཅད་པོས་ལོ་སར་སྐབས་སོགས་སུ་མྱ་ངན་བྱེད་མི་དགོས། གཙོ་བོ་བླ་མའི་བཀའ་བཞིན་སྒྲུབ་པའི་མཆོད་པ་ཅི་ཐུབ་ཐུགས་ལ་བཟུང་ནས་སྨོན་ལམ་གྱི་སྐབས་སོགས་སུ་ངའི་མགོན་དང་དཔུང་གཉེན་དུ་པཎ་ཆེན་རིན་པོ་ཆེའི་མཆོག་སྤྲུལ་ཞིག་མྱུར་ཏུ་བྱོན་རྒྱུའི་ཐུགས་སྨོན་རྒྱ་གང་ཆེ་ཞིག་ཐམས་ཅད་ཀྱིས་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་ཡིན། ང་ད་ཐེངས་མགྱོགས་མྱུར་གྱིས་ཡར་ཡོང་དོན་གྲྭ་ཚང་ལ་རྒྱུ་མཚན་གནས་ཚུལ་དེ་དག་ཞུ་ཆེད་ཡིན། ནང་ཁ་ང་ཕྱིར་ལན་ཀྲོས་ལ་བུད་འགྲོ། འདི་ནས་བསྡད་དེ་ལོ་གསར་བྱེད་འདོད་ང་རང་ངོས་ནས་བཤད་ན་སེམས་ཀྱི་གཏིང་ནས་མི་འདུག འཇིག་རྟེན་མིའི་ངོས་ཐད་ནས་སོང་ན་པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ན་གཞོན་དུས་དགུང་ལོ་བཅུ་གཉིས་སྟེང་ནས་ངེད་དཔོན་གཡོག་ངོ་ཤེས་ཤིང་ཕན་ཚུན་བརྩེ་གྲོགས་བཞད་གྲོགས་དང་ང་ཁོང་གི་ནང་མི་ཆེ་བགྲེས་ཀྱི་ཚུལ་ཡིན། སངས་རྒྱས་ཀྱི་བསྟན་པ་བོད་ཁ་བ་ཅན་གྱི་སྤྱི་དོན་བསམ་ན་དེ་རིང་ཁོང་འདི་ལྟར་ལག་ནས་ཤོར་སོང་བས་ལྷག་ཏུ་སེམས་སྐྱིད་རྒྱུ་མི་འདུག ལོ་གསར་མི་བྱེད་ཅེས་འདིར་བསྡད་ན་ཡང་སེམས་ཅན་གྱི་འགྲོ་ཚུལ་ལྟར་མཇལ་བ་ཚོ་ཡོང་ནས་ཀ་ར་སིལ་ཏོག་རེ་ཁྱེར་ཡོང་བ་ལྟ་བུ་བྱུང་ནའང་དཀའ་མོ་རེད། ལོ་གསར་མ་བྱས་ཀྱང་ལོ་གསར་བྱས་པ་ལྟ་བུ་ཞིག་ཏུ་འགྱུར་འགྲོ་བས། ང་ད་ཐེངས་ཕྱིར་བུད་འགྲོ་བསམ་པའི་རྒྱུ་མཚན་དེ་འདྲ་ཡིན། དེ་རིང་ཡང་རང་གི་ངོས་ཐད་ནས་ཚོགས་བསགས་ཞིག་བྱས་ཡོད། ཁ་སྔོན་པཎ་ཆེན་རིན་པོ་ཆེ་ཁོང་གིས་ཤར་བཀྲ་ཤིས་རྣམ་རྒྱལ་མཆོད་ཁང་ལ་རབ་གནས་གནང་སྐབས་ཁོང་དང་ལྷན་དུ་བདག་འཇུག་བླངས། སྦྱིན་སྲེག་སོགས་སུ་འདུག་རྒྱུའི་སྐལ་བ་ལྡན་སོང་། དེ་རིང་ཡང་དེ་ལྟར་དུ་རང་གི་ངོས་ཐད་ནས་གདུང་འབུལ་གྱི་ཚུལ་དུ་སྔ་དྲོ་བདག་འཇུག་ཞིག་བཏོན་ཟིན། ད་ལྟ་གྲྭ་ཚང་རིན་པོ་ཆེ་ལ་ཞལ་བརྡ་བྱས་ཚར་ན་ང་ད་ཐེངས་ཡོང་དོན་འགྲུབ་པ་ཡིན། སྤྱིར་སངས་རྒྱས་ཀྱི་བསྟན་པ་སྒོས་སེམས་ཅན་གྱི་བདེ་སྐྱིད་ཐམས་ཅད་རྒྱལ་བའི་བསྟན་པ་ལ་རག་ལས་སྟེ། ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་ཞེས་དང་། རྒྱལ་བའི་བསྟན་པ་དར་རྒྱུ་དགེ་འདུན་གྱི་སྡེ་ལ་རག་ལས་པས། ཁྱེད་རྣམ་པ་ཚོས་རྒྱུན་དུ་ཐུགས་མཐུན་ཁྲིམས་གཙང་གི་སྒོ་ནས། ལམ་བསླབ་པ་གསུམ་གྱི་ཉམས་ལེན་དང་ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་བྱ་བ་གང་ཐད་ནས་ཐུགས་སྨོན་རྒྱ་གང་ཆེ་རེ་གནང་རྒྱུ་མཁྱེན་མཁྱེན་ཞུ་བ་ལས་གཞན་དེ་རིང་ང་ལ་མང་པོ་ཞུ་རྒྱུ་མེད། ཅེས་གསུངས་སོ། །

རིག་གནས་ཡར་སྤེལ་ལས་བཤུས།

(རྩོམ་འགན། ཞལ་ཤུལ་དགེ་འདུན། )