༄༅།། ཉིན་བདུན་ཅུའི་འགྲུལ་བཞུད།

མཁན་པོ་བསོད་དར་རྒྱས་མཆོག་༢༠༡༤ལོར་ཕྱི་ཕྱོགས་སུ་ཆོས་སྤེལ་དུ་ཕེབས་པའི་དངོས་ཟིན།

བླ་རུང་ནང་བསྟན་སློབ་གླིང་ནས་དིང་རི་བརྒྱད་རྩ་དང་མངོན་རྟོགས་རྒྱན་གཉིས་ཀྱི་ཆོས་ཁྲིད་ཕུན་ཚོགས་ངང་མཇུག་དྲིལ་ནས་ཉིན་ཁ་ཤས་ཏེ།༢༠༡༣ལོའི་ཟླ་༩པའི་ཚེས་༢༣ཉིན།གོ་ལའི་ལྷོ་བྱང་ཕྱེད་མའི་མཐོ་སློབ་ཁག་༢༢ཀྱི་གདན་འདྲེན་ཞུ་ཡིག་བསྣམས་ཏེ།མཁན་པོ་བསོད་དར་རྒྱས་མཆོག་གིས་༢༠༡༤ལོའི་ཕྱི་ཕྱོགས་ཆོས་སྤེལ་འགྲུལ་བཞུད་ཀྱི་མགོ་བརྩམས་གནང་མཛད།

འབབ་ཚུགས་དང་པོ། ནེའུ་ཟི་ལན།(New Zealand)

༼༡༠/༡~༡༠/༡༣༽

དུས་ཚོད་༡༠ལྷག་རིང་གི་མཚོ་ཐོག་འཕུར་སྐྱོད་བརྒྱུད་ཅིང་།གསལ་འཚེར་གྱི་ཉི་འོད་དང་དྲོད་འཇམ་གྱི་མཚོ་རླུང་གི་གུས་བསུའི་ཁྲོད།མཁན་པོ་མཆོག་ཟླ༡༠པའི་ཚེས་༡ཉིན་གྱི་དགོང་མོར།ཐེངས་འདིའི་ཆོས་སྤེལ་འགྲུལ་བཞུད་ཀྱི་འབབ་ཚུགས་དང་པོ་ནེའུ་ཟི་ལན་ཏེ།”སོར་གདུབ་རྒྱལ་པོའི་”ནང་གི་བྱིས་སྒྲུང་ལྟར་མཛེས་སྡུག་ལྡན་པའི་”ཡུལ་དབུས་འཛམ་གླིང་”གི་མཚོ་གླིང་རྒྱལ་ཁབ་ཏུ་འབྱོར།

ཉིན་གཅིག་རིང་སྐྱེས་དངོས་དུས་ཟིན་༼ནམ་ལངས་མུན་རུབ་ཀྱི་དུས་ཚོད་ལྡོག་པར་སྙོམ་སྒྲིག་བྱེད་པ།༽སྙོམ་སྒྲིག་མཛད་དེ།ཟླ་༡༠པའི་ཚེས་༣ཉིན།མཁན་པོ་མཆོག་ཨའོ་ཁི་ལན་(Auckland)གྲོང་ཁྱེར་རམ།འཛམ་གླིང་ས་ཁམས་ཀྱི་ཆེས་ཤར་ཕྱོགས་སུ་གནས་པ།”ཉི་འོད་ལ་འཁྱུད་པ་”ཞེས་པའི་མཚན་སྙན་འབར་བའི་མའེ་ཞི་སློབ་ཆེན་དུ་ཕེབས་ཏེ།ཁ་བྱང་ལ་”ནང་བསྟན་གྱི་དད་པའི་སྙིང་དོན་(What Faith Means in Buddhism)”ཟེར་བའི་འཆད་ཁྲིད་གནང་ཞིང་།ཤེས་རབ་ཀྱི་གདམ་གསེས་དང་དད་མོས་ཞིབ་རྟོག་གི་གལ་ཆེན་རང་བཞིན་དང་དེའི་ཐབས་ལམ་སྐོར་ངོ་སྤྲོད་གནང་།མཁན་པོས་གསུང་དོན།”སངས་རྒྱས་ཆོས་ལུགས་ནི་ལྷ་ཡོད་སྨྲ་བ་མིན་ལ་ལྷ་མེད་སྨྲ་བའང་མིན།སངས་རྒྱས་ནི་དངོས་པོའི་གནས་ལུགས་ཀྱི་གསར་རྟོགས་པ་ཡིན་པ་ལས་གསར་སྐྲུན་མཁན་མིན།སངས་རྒྱས་ཀྱིས་ལོ་ངོ་ཉིས་སྟོང་ལྷག་གི་སྔོན་ནས་གསར་རྟོགས་བྱུང་བའི་བདེན་དོན་དག དེང་རབས་ཚན་རིག་དང་མཐུན་ལ།ཚན་རིག་གི་ཉམས་ཞིབ་མདུན་དུའང་དཔྱད་བཟོད་དུ་གྲུབ་ཡོད།”ཅེས་གསུངས།

ཚེས་༤ཉིན། ནེའུ་ཟི་ལན་དུ་མཚན་སྙན་འབར་ཞིང་ཤུགས་རྐྱེན་བཟང་བའི་ཨའོ་ཁི་ལན་(Auckland)སློབ་ཆེན་དུ་ཕེབས་ནས།དགེ་སློབ་རྣམས་ལ་སྣེ་ཁྲིད་མཛད་དེ་”སྟོན་པ་ཡེ་ཤུ་ཤཱཀྱ་ཐུབ་པ་དང་མཇལ་སྐབས་”(When God Meets the Buddha)ཞེས་པའི་ངོ་མཚར་བའི་འཆད་ཁྲིད་གནང་ནས།མཁན་པོ་མཆོག་གིས་ཕྱོགས་བརྒྱད་ཀྱི་ལམ་ནས་སངས་རྒྱས་ཆོས་ལུགས་དང་ཡེ་ཤུ་ཆོས་ལུགས་གཉིས་ཀྱི་འདྲ་བའི་ཆ་དག་ལ་དབྱེ་ཞིབ་བྱས་ཤིང་།རྣམ་པ་ཚང་མ་ཆོས་ལུགས་གང་ཞིག་ལ་སྐྱབས་སུ་སོང་ཡང་།རང་ཉིད་ཀྱི་དད་མོས་ལ་འགྱུར་ལྡོག་མི་གཏོང་བའི་རྨང་གཞིའི་སྟེང་ནས།ཆོས་ལུགས་ཐ་དད་པའི་མི་རྣམས་དང་མཛའ་མཐུན་མཉམ་འབྲེལ་བྱ་དགོས་པ་དང་།འཛམ་གླིང་གི་མ་འོངས་པར་འགན་གང་ལེགས་འཁུར་དགོས་པའི་འབོད་སྐུལ་བཏང་།སློབ་མ་ཞིག་གིས་སྤོབས་སེམས་མཐོན་པོས།”སྟོན་པ་ཡེ་ཤུ་ཤཱཀྱ་ཐུབ་པ་དང་མཇལ་སྐབས་དོན་ངོ་མར་ཅི་འདྲ་ཞིག་ཡིན་ནམ་”ཞེས་དྲིས་ཚེ།མཁན་པོ་མཆོག་བཞད་ཙམ་བྱས་ཤིང་གསུང་དལ་མོའི་ངང་ནས།”སྟོན་པ་ཡེ་ཤུ་ཤཱཀྱ་ཐུབ་པ་དང་མཇལ་སྐབས་འགལ་བ་དང་སྡང་སེམས།ཕྲག་དོག་གང་ཡང་མེད་པར་ཤེས་རབ་དང་བྱམས་བརྩེ་ཁོ་ན་ཡོད་ངེས།སྐབས་དེ་ང་ཚོའི་བསམ་བློའི་རྟོག་བཀོད་ལས་བརྒལ་ཡང་མཛེས་སྡུག་ཡིད་འོང་ཞིག་ཡིན་ཐག་ཆོད་རེད་”ཅེས་ལན་གནང་།

ཚེས་༥ཉིན་གྱི་ཕྱི་དྲོར།ཨའོ་ཁི་ལན་གྱི་སངས་རྒྱས་ཆོས་ལུགས་ཀྱི་ཆོས་ཁང་ཀུན་བཟང་ཆོས་ཚོགས་ནས།”ནད་རྐྱེན་ཁྲོད་ཉམས་ལེན་ཇི་ལྟར་བྱ་”ཞེས་པའི་འཆད་ཁྲིད་མཛད་དེ།ཚང་མར་ནད་ཀྱིས་མནར་སྐབས་བདེ་ཐང་གི་སེམས་ཁམས་ཇི་ལྟར་གསོ་སྐྱོང་བྱ་བ་དང་རྐྱེན་ངན་ཇི་ལྟར་ལམ་དུ་འཁྱེར་བའི་སྐོར་གསུང་གླེང་མཛད།

ཉིན་དེའི་ཕྱི་དྲོ་དང་ཚེས་༧དང་༩  ༡༡  ༡༢ཉིན་བཅས་ཀྱི་ཕྱི་དྲོར་ཚོགས་ཐེངས་ལྔའི་དུས་ཚོད་སྤྱད་དེ།ཀུན་བཟང་ཆོས་ཚོགས་ཀྱི་དད་ལྡན་པའི་ཚོགས་ལ།སྤྱོད་འཇུག་ལས་བཟོད་པའི་ལེའུ་སློབ་ཁྲིད་གནང་སྟེ།ཁོང་ཚོར་དངོས་ཡོད་འཚོ་བའི་ཁྲོད་དུ་ཤེས་རབ་ཀྱིས་རང་གི་ཉོན་མོངས་པ་གཙང་སེལ་བྱ་དགོས་པར་མཛུབ་ཁྲིད་གནང་།

ཚེས་༡༢ཉིན་གྱི་ཕྱི་དྲོར།སངས་རྒྱས་ཆོས་ལུགས་ཀྱི་རྒྱུན་སྲོལ་ལྟར།སྤྱན་རས་གཟིགས་ཀྱི་བཀའ་དབང་བསྐུར་ཅིང་སྐྱབས་འགྲོའི་སྡོམ་པ་གནང་།

ཚེས་༡༡ཉིན་གྱི་དགོང་མོར།ས་གནས་དེ་གའི་ནང་བསྟན་སྡེ་ཁག་ལ་”ཐུན་མོང་སྒྲུབ་སྦྱོང་གི་གལ་ཆེན་རང་བཞིན་”གསུངས་ཤིང་།ཐུན་མོང་སྒྲུབ་སྦྱོང་གིས་དུས་ཡུན་རིང་པོར་ནང་ཆོས་སློབ་གཉེར་གྱི་སྤྲོ་སྣང་རྒྱུན་སྲུང་བྱ་ཐུབ་པར་ཕན་པ་ནན་གྱིས་བསྟན།

མཁན་པོ་མཆོག་ནེའུ་ཟི་ལན་ནས་ཉིན་༡༢ལ་བཞུགས་པའི་རིང་།འཆད་ཁྲིད་སོགས་གནང་བ་ལས་གཞན་ད་དུང་ཕྱི་སྐྱོད་ཐེངས་གཉིས་སུ་ཕེབས་ཡོད་དེ།ཐེངས་དང་པོ་ནི།ཟླ་བ་༡༠པའི་ཚེས་༦ཉིན་ནེའུ་ཟི་ལན་གྱི་རང་བྱུང་མཛེས་ཉམས་ཕུན་སུམ་ཚོགས་པའི་གནས་ཡུལ་དང་གག་མཚེའུ་ལ་གཟིགས་སྐོར་དུ་ཕེབས།ཐེངས་གཉིས་པ་ནི་ཟླ་༡༠པའི་ཚེས་༨ཉིན་ཏེ།འགྲུལ་འཁོར་ལ་བཞུགས་ཤིང་རྒྱ་མཚོར་བསྐྱོད་དེ་སྲོག་བླུ་མཛད།

ཐེངས་འདིའི་ནེའུ་ཟི་ལན་དུ་བསྐྱོད་པའི་འགྲུལ་བཞུད་ཕུན་ཚོགས་ངང་མཇུག་དྲིལ་རྗེས།ཚེས་༡༣ཉིན་གྱི་ཕྱི་དྲོར།འབབ་ཚུགས་གཉིས་པ་སྟེ་ཨོ་སི་ཁྲུ་ལི་ཡའི་ཕྱོགས་སུ་འཕུར་སྐྱོད་གནང་།

འབབ་ཚུགས་གཉིས་པ།  ཨོ་སི་ཁྲུ་ལི་ཡ།(Australia

༼༡༠/༡༣~༡༠/༢༢༽

དུས་ཚོད་༤ཙམ་ལ་མཁའ་བསྐྱོད་གནང་རྗེས་ཨོ་སི་ཁྲུ་ལི་ཡའི་གྲོང་ཁྱེར་སེད་ནིས་(Sidney)ཏེ།རྒྱལ་ཁབ་འདིར་བཅའ་སྡོད་བྱས་པའི་ཀྲུང་གོ་པ་དག་གིས་སྔ་མོ་ནས་”ཆིང་བ་ལི་དཀར་པོ་”ཞེས་འབོད་པའི་གྲོང་ཁྱེར་དུ་འབྱོར།

ཟླ་༡༠པའི་ཚེས་༡༥ཉིན་གྱི་ཕྱི་དྲོར།མཁན་པོ་མཆོག་གིས་སེད་ནིས་ཚན་རྩལ་སློབ་ཆེན་དུ་”འཚོ་བའི་བསམ་གཏན་(Meditation in Action)” ཞེས་པའི་འཆད་ཁྲིད་བརྒྱུད་དེ།རྒྱུན་སྲོལ་བསམ་གཏན་སྒོམ་ལུགས་ཀྱི་རྩ་བའི་ཐོག་ནས།དེང་རབས་ཀྱི་མི་རྣམས་ལ་ཁེ་ཕན་ཆེ་བའི་འཚོ་བའི་བསམ་གཏན་ངོ་སྤྲོད་གནང་ཞིང་།མཁན་པོ་མཆོག་གིས།རྣམ་པ་ཚོར་སློབ་སྦྱོང་དང་ལས་དོན།འཚོ་བའི་ཁྲོད་ནས་བསམ་གཏན་སྒོམ་གང་ཐུབ་བྱ་དགོས་ཤིང་།དེ་ལྟར་གོམས་ཚེ།རང་རྒྱུད་ལ་བསམ་གཏན་གྱི་རྟོགས་པ་འཕེལ་ངེས་པའི་དྲན་སྐུལ་གནང་།ད་དུང་ཁོང་གིས་ཕྲེང་བ་ཕྱག་ཏུ་ཐོགས་ཏེ་འཆད་ཁྲིད་བྱེད་ཞོར་དང་བགྲང་ཕྲེང་གནང་ཞོར།”བོད་ཡུལ་དུ།ནམ་རྒྱུན་ཡུལ་མི་རྣམས་ཀྱིས་བསྙེན་པ་གསོག་པ་དང་རླངས་འཁོར་སྐོར་བ།འགྲོ་འོང་བྱེད་པ།སྐོར་བ་བྱེད་སྐབས་སོགས་སུ་ལག་ཏུ་ཕྲེང་བ་བཟུང་ཡོད་པ་མཐོང་ཐུབ་ཅིང་།དེ་ནི་ཕ་ཡུལ་བོད་ཡུལ་གྱི་འཚོ་བའི་བསམ་གཏན་རེད་”ཅེས་གསུངས།

ཚེས་༡༦ཉིན་གྱི་དགོང་མོར།མཁན་པོ་མཆོག་གིས་ཨོ་སི་ཁྲུ་ལི་ཡའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་ཞིང་།”སའི་གོ་ལ་ཕྱེད་ལྷོ་མའི་ཨ་ཁི་སི་ཧྥོར་དི་(牛津)”ཞེས་པའི་མཚན་སྙན་གྱིས་བརྒྱན་པའི་སེད་ནིས་སློབ་ཆེན་དུ།”སངས་རྒྱས་ཆོས་ལུགས་ཀྱི་དངོས་པོའི་འཇིག་རྟེན་གྱི་ལྟ་བ་(What Buddhism Sees the Material World)”ཞེས་པའི་འཆད་ཁྲིད་སྤེལ་ཞིང་།བྱེ་བྲག་པ་ནས་མདོ་སྡེ་པ་དང་།སེམས་ཙམ་པ།དབུ་མ་པའི་བར་གྱི་རིམ་པ་མི་འདྲ་བའི་ནང་བསྟན་གྱི་དངོས་པོའི་འཇིག་རྟེན་གྱི་དགོངས་བཞེད་དག་གསུངས་ཤིང་།དེ་མིན་དྲུག་གིས་ཅིག་ཆར་སྦྱར་བའི་རིག་ལམ་དང་གཏན་ཚིགས་ལ་བརྟེན་ནས།རྡུལ་ཕྲ་རབ་ཆ་མེད་བདེན་གྲུབ་ཏུ་འདོད་པའི་མཐའ་བརྟོལ་བར་མ་ཟད་དེང་རབས་ཚན་རིག་དང་ཞིབ་བསྡུར་གནང་།མཁན་པོ་མཆོག་གི་ཉན་མཁན་དག་གི་གདོང་གི་རྣམ་འགྱུར་ལས།ཐོས་བསམ་གྱི་རྨང་གཞི་ཅུང་ཞན་པའི་ཁོ་ཚོ་རྡུལ་དྲུག་གིས་བསྐོར་ཏེ་ཁ་ཕྱོགས་མི་ཤེས་པར་འདུག་སྙམ་པའི་སེམས་ཚོར་སྐྱེས་པ་ལྟར།ཆེད་དུ་”ཡག་པོ་གོ་ཨེ་སོང་”ཞེས་དྲིས་ཚེ།ཚོགས་མི་ཚང་མ་དགོད་ཆལ་ལེར་གྱུར།མཇུག་ཏུ།མཁན་པོ་མཆོག་གིས་བསམ་དཀར་ཚིག་ནན་གྱིས།ང་ཚོ་འཚོ་གནས་བྱ་ཡུལ་གྱི་དངོས་པོའི་འཇིག་རྟེན་ལ་ཤེས་རྟོགས་བྱ་བ་ཤིན་ཏུ་གལ་ཆེ་ཡང་།ཡིད་ལ་འཛིན་དགོས་པ་ཞིག་ནི།ང་ཚོའི་ནང་སེམས་ཁམས་ཀྱི་འཇིག་རྟེན་ལ་ཤེས་རྟོགས་བྱ་བ་ནི་ཆེས་དོན་སྙིང་ལྡན་པ་དེ་ཡིན་”ཞེས་གསུངས།

ཚེས་༡༧ཉིན་གྱི་སྔ་དྲོར།སེད་ནིས་གྲོང་ཁྱེར་གྱི་རྟགས་མཚན་རང་བཞིན་གྱི་སེད་ནིས་གླུ་གར་གླིང་(Sydney Opera House)དང་མཚོ་ཁའི་ཟམ་ཆེན་(Harbor Bridge)དུ་གཟིགས་སྐོར་ལ་ཕེབས་ཤིང་།དགོང་མོར།སེད་ནིས་གྲོང་ཁྱེར་གྱི་ལྷོ་ཕྱོགས་ཀྱི་བྷེ་ཁུ་སི་ལའེ་(Baxley)ཡི་ནང་བསྟན་དད་ལྡན་པའི་སྡེ་ཁག་ལ།”དེང་སྐབས་ཀྱི་ཆོས་སྤེལ་འགན་འཁྲི་”ཞེས་པའི་འཆད་ཁྲིད་གནང་ཞིང་དྲི་བ་དྲིས་ལན་མཛད།

ཚེས་༡༨ཉིན།ཨོ་སི་ཁྲུ་ལི་ཡའི་ལྷོ་སྣེའི་ཕྱོགས་ཀྱི་མོར་པིན་གྲོང་ཁྱེར་(Melbourne)དུ་མཁའ་བསྐྱོད་གནང་།

ཚེས་༡༩ཉིན་གྱི་ཕྱི་དྲོར།ཚན་རིག་ཞིབ་འཇུག་གི་ལས་ཁུངས་དང་ལྟེ་གནས་བརྒྱ་ལྷག་མངའ་བའི་མོར་པིན་སློབ་ཆེན་ནས།”བོད་བརྒྱུད་ནང་བསྟན་གྱི་སྙིང་རྗེ་དང་བདེ་སྐྱིད་ཀྱི་ལྟ་བ་(Compassion and Happiness in Tibetan Buddhism)”ཞེས་པའི་འཆད་ཁྲིད་སྤེལ་ཞིང་།བོད་དང་འབྲུག་ཡུལ་སོགས་དཔེར་བརྗོད་བྱས་ཏེ།བདེ་སྐྱིད་ནི་ཕྱིའི་དངོས་པོ་ལ་བརྟེན་ནས་མངོན་འགྱུར་བྱུང་བ་མིན་པར།སྒེར་སེམས་དང་རང་འདོད་ཆུང་དུ་བྱས་ཤིང་བྱམས་པ་ཆེན་པོ་དང་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་ན།ད་གཟོད་ཡང་དག་པའི་བདེ་སྐྱིད་ཐོབ་པའི་ཐབས་ལམ་བསྟན།

ཚེས་༢༠ཉིན་གྱི་སྔ་དྲོར།ཨོ་གླིང་ABCརྒྱལ་སྤྱིའི་རྒྱང་སྒྲོག་བརྙན་འཕྲིན་ལྟེ་གནས་ཀྱི་བཅར་འདྲི་དང་ལེན་མཛད།

ཚེས་༢༡ཉིན་གྱི་ཕྱི་དྲོར།མོར་པིན་སློབ་ཆེན་སེམས་ཁམས་ཚན་རིག་ཚན་ཁག་གི་སློབ་ཁྲིད་ཐོག་ཁང་དུ་གདན་ཞུས་ལྟར།དེ་གའི་སེམས་ཁམས་རིག་པའི་སློབ་དཔོན་དང་མཉམ་དུ།”སངས་རྒྱས་ཆོས་ལུགས་ཀྱི་སེམས་ཁམས་རིག་པ་(Buddhist Phycology)”དང་འབྲེལ་བའི་སྤྱི་བསྒྲགས་བགྲོ་གླེང་ཞིག་སྤེལ་ཞིང་།དེའི་འཕྲོར།ཡང་བསྐྱར་དེང་སྐབས་མི་རྣམས་ཀྱི་སེམས་ནད་ཀྱི་ད་ལྟའི་གནས་ཚུལ་དང་ནད་རྐྱེན།དེ་མིན་ནང་བསྟན་དུ་གསོ་བཅོས་ཀྱི་ཐབས་ལམ་ཡོད་ཚུལ་སོགས་ཞིབ་ཚགས་ངང་དཔྱད་བསྡུར་གནང་།སློབ་དཔོན་འགའ་རེས་ཨོ་སི་ཁྲུ་ལི་ཡའི་ཞིབ་འཇུག་སློབ་མ་མང་པོར་དོགས་འཚེར་སེམས་ནད་ཕོག་ཡོད་པ་སྨྲས་ཚེ།མཁན་པོ་མཆོག་ཧ་ཅང་ཕངས་སེམས་ངང་།”ནང་བསྟན་དུ་སེམས་ནད་འདི་རིགས་གསོ་བཅོས་ཀྱི་སྨན་མཆོག་མང་པོ་ཡོད་པ་རེད་”ཅེས་གསུངས་ཤིང་།རྐྱེན་དེས།དགོང་མོའི་མོར་པིན་ཤར་ཕྱོགས་ཀྱི་ཧའོ་སུང་(Hawthorn)དུ་ས་གནས་དེ་གའི་ནང་བསྟན་སྡེ་ཁག་ལ་འཆད་ཁྲིད་གནང་སྐབས།མཁན་པོ་མཆོག་གིས་ཁ་བྱང་”ནང་བསྟན་སྨན་མཆོག་གིས་སེམས་ནད་གསོ་ཐབས་”སུ་གཏན་ཁེལ་བྱས་ཤིང་།ནང་བསྟན་སློབ་གཉེར་ལ་བརྟེན་ནས་རང་གཞན་གྱི་སེམས་ཁམས་ཀྱི་བདེ་ཐང་གོང་འཕེལ་བྱ་ཐབས་དང་།བདེ་ཐང་དང་བརྟན་བརླིང་གི་མི་གཞིས་ནང་ཆོས་དར་སྤེལ་དུ་གཏོང་དགོས་ཚུལ་ངོ་སྤྲོད་གནང་།

ཚེས་༢༢ཉིན་གྱི་སྔ་མོར།མོར་པིན་གྲོང་ཁྱེར་དང་གྱེས་ཏེ་བྱང་ཨ་མེ་རུ་ཁའི་ཕྱོགས་སུ་འཕུར་བསྐྱོད་གནང་།

འབབ་ཚུགས་གསུམ་པ།    ཁ་ན་ཏ།

༼༡༠/༢༢~༡༡/༦༽

མོར་པིན་གྲོང་ཁྱེར་ནས་ལམ་ལ་ཆས་ཤིང་ལོ་ཧྲན་ཅི་ནས་གནམ་གྲུ་བརྗེས་ཏེ།དུས་ཚོད་༢༡ཙམ་ལ་སྤྱི་ལེ་ཁྲི་ལྷག་ལ་འཕུར་སྐྱོད་གནང་མཐར།མཁན་པོ་མཆོག་དེ་གའི་དུས་ཚོད་ལྟར་ཟླ་༡༠པའི་ཚེས་༢༢ ཉིན་གྱི་དགོང་མོར།བདེ་བླག་ངང་མཛེས་སྡུག་གི་ཇ་སྡོང་སེར་པོའི་ལོ་འདབས་ཀྱིས་ཀུན་ནས་བརྒྱན་པའི་ཐའོ་རིན་ཐོ་(Toronto)རུ་འབྱོར།ཐེངས་འདི་ནི་ཕྱི་ཕྱོགས་སུ་ཆོས་སྤེལ་དུ་ཕེབས་པའི་འབབ་ཚུགས་གསུམ་པ་སྟེ་ཁ་ན་ཏ་ཡིན།སྔོན་༡༩༩༣ལོར་མཁན་པོ་མཆོག་ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱི་ཞབས་འབྲིང་བྱས་ཏེ་ཁ་ན་ཏའི་ཧ་ལིས་ཧྥ་ཁི་སིར་(Halifax)ཕེབས་མྱོང་སྟེ།ཁོང་གི་ཕྱིར་དྲན་གྱི་ཁྲོད་དུ་།”དེ་ནི་མཛེས་སྡུག་གི་མཚོ་ཁའི་གྲོང་ཁྱེར་ཞིག་ཡིན་”ཞེས་གསུངས།

ཚེས་༢༤ཉིན་གྱི་ཕྱི་དྲོར།ཡོར་ཁི་(York University)སློབ་ཆེན་དུ།ཁ་བྱང་ལ་”བསམ་གཏན • སེམས་ཉིད་ངལ་གསོ་(Meditation-Finding Comfort and Easy in the Nature of Mind)”ཞེས་པའི་འཆད་ཁྲིད་གནང་།མཁན་པོས་གསུང་རྒྱུར།”ད་ལྟ་བསམ་གཏན་དེ་སློབ་གྲྭ་དང་ཁེ་ལས་སྡེ་ཁག་སོགས་ཕྱོགས་མང་པོར་ཁྱབ་དར་དུ་འགྲོ་བཞིན་འདུག་ཀྱང་།ལྟ་བ་ཡང་དག་དང་སེམས་རྣལ་དབབ་ཀྱི་སྒྲུབ་ཐབས་རྐྱང་པར་བརྟེན་ན་མི་རྣམས་ཀྱི་ལྡོག་ཕྱོགས་འདོད་འདུན་གནས་སྐབས་སུ་གནོན་ཐུབ་པ་ཙམ་ཡིན་གྱི།དེ་འདྲའི་ལྡོག་ཕྱོགས་བསམ་བློ་དག་རྩ་མེད་གཏོང་དགོས་ན།སེམས་ཀྱི་དེ་ཉིད་རྟོགས་པར་བྱས་ཏེ།བདེ་གསལ་མི་རྟོག་པའི་ཉམས་དང་བྲལ་བའི་བསམ་གཏན་ལ་གནས་དགོས་པ་ཡིན།”ཞེས་གསུངས།

ཚེས་༢༥དང་༢༦། ༣༡ཉིན་བཅས་ཀྱི་དགོང་མོར།ཁ་ན་ཏའི་གནའ་རབས་ཀྱི་ལོ་རྒྱུས་ལྡན་ཞིང་གཞི་རྒྱ་ཆེ་བའི་རྒྱ་བརྒྱུད་ནང་བསྟན་གྱི་ཀྲན་ཧྲན་དགོན་པ་ནས།མཁན་པོ་མཆོག་གིས་བྱང་སེམས་སྤྱོད་འཇུག་གི་ལེའུ་དང་པོ་བྱང་ཆུབ་སེམས་ཀྱི་ཕན་ཡོན་བཤད་པའི་ལེའུ་དཔེ་ཁྲིད་མཛད་ཅིང་།རྒྱུན་སྲོལ་ལྟར་བྱང་ཆུབ་སེམས་དཔའི་སྡོམ་པ་གནང་།

ཚེས་༢༧ཉིན།འཛམ་གླིང་ན་མཚན་སྙན་འབར་བའི་ནེ་ཡ་གྷི་རའེ་རྦབ་ཆུ་(Niagara Falls)ལ་གཟིགས་སྐོར་དུ་ཕེབས་ཤིང་།སྐབས་དེར་བྱ་མཚོ་སྐྱར་ཞིག་མདུན་ཕྱོགས་སུ་བབས་འདུག་པ་དེ་མཁན་པོས་པར་དུ་བླངས་ཏེ་པོད་ཕྲན་དུ་བསྐུར་ཙ་ན།ཡ་མཚན་པ་ཞིག་ནི།མི་མང་དག་ཅིག་གིས་དཔྱད་བརྗོད་དུ།”ཕུག་རོན་དཀར་པོ་དེ་ཆེན་པོ་ཞེ་དྲག་འདུག་”ཅེས་པ་དེའོ།།

ཚེས་༢༩ཉིན་གྱི་ཕྱི་དྲོར།ཁ་ན་ཏའི་གཞི་རྒྱ་ཆེས་ཆེ་ཞིང་ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་བཙུགས་སློབ་ཆེན་ཏེ།ཐའོ་རིན་ཐོ་སློབ་ཆེན་དུ་”བོད་བརྒྱུད་གསང་སྔགས་ཀྱི་འཇིག་རྟེན་ལྟ་ཚུལ་(Cosmology in Tibetan Buddhism)”ཞེས་པའི་འཆད་ཁྲིད་གནང་བ་བརྒྱུད།མཁན་པོ་མཆོག་གིས་དཔལ་ལྡན་དུས་འཁོར་དང་མདོ་ཕལ་པོ་ཆེ།《རྒྱུད་མུ་ཏིག་ཕྲེང་བ་》སོགས་ལས་འཇིག་རྟེན་ཆགས་ཚུལ་གྱི་བརྗོད་ཚུལ་མི་འདྲ་བ་དག་དྲངས་ཏེ།དེང་རབས་ནུབ་ཕྱོགས་གནམ་རིག་པ་དང་འཇིག་རྟེན་རིག་པའི་གསར་རྟོགས་དང་ཟུང་འབྲེལ་ངང་།ཕྱིའི་འཇིག་རྟེན་དང་ནང་གི་འཇིག་རྟེན་ལ་ཤེས་རྟོགས་བྱེད་པའི་ཐབས་ལམ་དང་དགོས་རྐྱེན་སོགས་ཞིབ་བརྗོད་གནང་།དྲི་བ་དྲིས་ལན་གྱི་སྐབས་སུ།སློབ་གྲོགས་ཤིག་གིས་ཚོར་ཤུགས་དྲག་པོས།”ང་རང་གིས་རྟག་ཏུ་འཇིག་རྟེན་རིག་པར་ཞིབ་འཇུག་བྱེད་ཀྱིན་ཡོད་མོད།འོན་ཀྱང་དེ་རིང་ཁྱེད་ཀྱི་འཆད་ཁྲིད་ཀྱི་ཁྲོད་ནས།སྔོན་ཐོས་མ་མྱོང་བའི་སངས་རྒྱས་ཆོས་ལུགས་ཁྲོད་ཀྱི་གནམ་རིག་དང་འཇིག་རྟེན་རིག་པའི་ཤེས་བྱ་དག་ཤེས་རྟོགས་བྱུང་བས་བློ་སྐྱེད་མི་དམན་པ་ཐོབ་སོང་།ངས་ཆོས་གཞུང་དེ་དག་ཞིབ་ཀློག་བྱ་འདོད་ཤིན་ཏུ་ཆེ་བས།མཁན་པོ་མཆོག་གིས་གསུང་རབ་དེ་དག་གི་མིང་བོད་ཡིག་གིས་སྒོ་སམ་དུ་འབྲི་རོགས་”ཞེས་བཤད་ཚེ།མཁན་པོ་ལགས་ཀྱིས་དེབ་གསུམ་པོའི་མིང་བོད་ཡིག་གིས་སྒོ་སམ་དུ་ཤར་མར་བྲིས།

ཚེས་༣༠ཉིན་གྱི་དགོང་མོར།སླར་ཡང་ཐའོ་རིན་ཐོ་སློབ་ཆེན་དུ་གདན་དྲངས་བས།ཁ་བྱང་ལ་”སྐྱེ་བ་སྔ་ཕྱི • ནང་བསྟན་གྱི་མི་ཚེའི་ལྟ་བ་(The Mystery of Past Lives)”ཞེས་པའི་འཆད་ཁྲིད་སྤེལ་ཞིང་།ནང་བསྟན་གྱི་གཏན་ཚིགས་དང་དེང་རབས་ཚན་རིག་ཟུང་འབྲེལ་གྱིས་སྐྱེ་བ་སྔ་ཕྱི་ཡོད་པའི་རྒྱུ་མཚན་དང་འཁོར་བའི་བརྒྱུད་རིམ་ལ་དབྱེ་ཞིབ་གསལ་དག་མཛད།

ཟླ་༡༡པའི་ཚེས་༢ཉིན་གྱི་ཕྱི་དྲོར།ཀྲན་ཧྲན་དགོན་པའི་ཡན་ལག་ཚན་ཁག་”བྱམས་བརྩེ་དྲིན་དྲན་བསམ་གཏན་གླིང་”དུ།”རང་ཉིད་ནས་མགོ་བརྩམས་ཏེ་ནང་ཆོས་སྒྲུབ་སྦྱོང་བྱ་དགོས་”ཞེས་པའི་གསུང་གླེང་གནང་བ་བརྒྱུད།སྔར་ལས་ལྷག་པར་སེམས་ཅན་ལ་ཞབས་ཞུ་སྒྲུབ་ཕྱིར།ནུས་ཤུགས་རྩལ་སྤྲུགས་ཀྱིས་རང་ཉིད་ཀྱི་ཐོས་བསམ་སྒོམ་གསུམ་ཕུན་སུམ་ཚོགས་པར་གཏོང་དགོས་པའི་བསླབ་བྱ་ནན་པོ་གནང་།

ཚེས་༣ཉིན།ཧྥ་རན་སིའི་ཡི་གེ་གཞུང་ཕྱོགས་སྐད་ཡིག་ཡིན་པའི་ཁའེ་པེ་ཁི་(Quebec)ཞིང་ཆེན་མོང་ཁྲའེ་(Montreal)གྲོང་ཁྱེར་དུ་ཕེབས་ཤིང་།ཚེས་༤ཉིན་གྱི་ཕྱི་དྲོར།གྲོང་ཁྱེར་གྱི་ལྟེ་བའི་སྤྲོ་གསེང་མགྲོན་ཁང་གི་གྲོས་ཚོགས་ཁང་དུ།གནས་དེ་གའི་ནང་བསྟན་སྡེ་ཁག་ལ་”སྤྲོ་སྣང་དང་ལྡན་པའི་མི་ཞིག་ཇི་ལྟར་བྱ་”ཞེས་པའི་འཆད་ཁྲིད་སྤེལ།

ཚེས་༥ཉིན་གྱི་ཕྱི་དྲོར།ཁ་ན་ཏའི་གནའ་རབས་ཀྱི་ལོ་རྒྱུས་ལྡན་ཞིང་”ཁ་ན་ཏའི་ཧ་ཧྥིར་”དུ་གྲགས་པའི་མེ་ཇིར་(McGill University)སློབ་ཆེན་ཆོས་ལུགས་ཚན་ཁག་གི་བརྗིད་ཉམས་བབ་བརླིང་གི་ཆོས་ཁང་ནས།”དེང་སྐབས་བོད་བརྒྱུད་ནང་བསྟན་གྱི་བུད་མེད་ཆོས་པ་དག(Women in Contemporary Tibetan Buddhism)”ཅེས་པའི་འཆད་ཁྲིད་གནང་སྟེ།བུད་མེད་ཆོས་པ་རྣམས་ཀྱི་བཟང་ཕྱོགས་དང་ཁྱད་ཆོས།བོད་ཡུལ་གྱི་བཙུན་དགོན་ཁག་གི་བུད་མེད་རྣམས་ཀྱི་སྒྲུབ་སྦྱོང་དང་ཐོབ་དབང་ལ་དབྱེ་ཞིབ་བྱས་ཤིང་།དེ་མིན་ནང་བསྟན་དུ་བཤད་པའི་བུད་མེད་ཀྱི་སྐོར་སོགས་ཞིབ་བགྲོ་མཛད།དེ་རྗེས།སློབ་ཆེན་དེ་གའི་མིང་གྲགས་ཆེ་བའི་རང་བྱུང་ལོ་རྒྱུས་དངོས་མང་བཤམས་སྟོན་ཁང་(Redpath Museum)དུ་གཟིགས་ཞིབ་གནང་།

ཚེས་༦ཉིན་གྱི་ཞོགས་པར།ཐེངས་འདིའི་ཕྱི་ཕྱོགས་ཆོས་སྤེལ་འགྲུལ་བཞུད་ཀྱི་འབབ་ཚུགས་རྗེས་མ་སྟེ།ཨ་མེ་རི་ཁའི་ཕྱོགས་སུ་མཁའ་འགྲུལ་མཛད།

འབབ་ཚུགས་བཞི་པ།  ཨ་མེ་རི་ཁ།

༼༡༡/༦~༡༡/༢༤༽

ཟླ་༡༡པའི་ཚེས་༦ཉིན།ཨ་རིར་སླེབས་པའི་འབབ་ཚིགས་དང་པོ་སྟེ།ཧོ་ལའེ་བུའུ་(Hollywood)གློག་བརྙན་གྱིས་ས་སྒང་ལ་གྲགས་པ་འབར་བའི་ཨ་རིའི་གྲོང་ཁྱེར་ལའོ་ཧྲན་ཇི་(Los Angeles)རུ་ཕེབས།

ཚེས་༧ཉིན་གྱི་སྔ་དྲོར།ཧོ་ལའེ་བུའུ་ཡི་མཚན་སྙན་ཕྱོགས་བཅུར་ཁྱབ་པའི་”འཛམ་གླིང་གློག་བརྙན་གྲོང་(Universal Studios)"ནས་《གཟུགས་འགྱུར་འཕྲུལ་མི་》དང་《མི་རོ་སྐམ་པོའི་འདྲ་གཟུགས་》འགྲོ་འོང་བྱེད་པའི་ཁང་པར་རི་འཁོར་ལ་བཞུགས་ཏེ་དངོས་མྱོང་བྱས་ཤིང་།མཁན་པོས་གསུང་དོན།”མུན་ནག་ནས་རི་འཁོར་ལ་སྡོད་པ་འདིས།འཆི་སྐབས་ཀྱི་འཇིགས་སྐྲག་དང་རང་དབང་མེད་པའི་ཚོར་སྣང་དང་ཕྱོགས་འདྲ་ཞིག་མྱོང་ཐུབ་ཀྱིན་འདུག་”ཅེས་གསུངས།”འཛམ་གླིང་གློག་བརྙན་གྲོང་”གི་དུས་ཚོད་གསུམ་གྱི་ཡུན་ལ།མཁན་པོ་མཆོག་གིས་མཚམས་མི་ཆད་པར་འཛམ་གླིང་བདེ་སྐྱིད་སོགས་ཀྱི་ཆེད་དུ་དབང་སྡུད་གསོལ་འདེབས་སྒྲ་ཆུང་ཆུང་གིས་ཡང་ཡང་བཏོན་ཅིང་།”ཧོ་ལའེ་བུའུ་ས་ཆ་ཆུང་ཡང་འཛམ་གླིང་ཧྲིལ་པོར་ཤུགས་རྐྱེན་ཐེབས་པའི་ནུས་པ་འདུག བླ་རུང་སྒར་ཡང་ས་གནས་ཆུང་ཡང་།དེང་སྐབས་ཀྱི་སངས་རྒྱས་ཆོས་ལུགས་ལ་ཤུགས་རྐྱེན་བཟང་པོ་ཐེབས་ཡོད།ས་ཆ་ཆུང་ཆུང་འདི་གཉིས་ལ་ཕྱོགས་རེ་འགའ་ནས་གཅིག་མཚུངས་ཀྱི་རྒྱུ་རྐྱེན་རྟེན་འབྲེལ་ཡོད་སྲིད་”ཅེས་གསུངས།

ཚེས་༨ཉིན་གྱི་ཕྱི་དྲོར།ཕ་སི་དེ་ན་སོ་ཁི་ལན་ཆོ་ག་ལྟེ་གནས་(Pasadena Scottish Rite Center)སུ།”དག་ཞིང་དུ་བགྲོད་པའི་ཐེམ་སྐས་(The Ladder to Pureland)ཞེས་པའི་འཆད་ཁྲིད་མཛད་ཅིང་།སྒེར་སེམས་ཀྱིས་རང་ཉིད་བདེ་བ་ཅན་དུ་སྐྱེ་བར་སྐྱབས་བཅོལ་དང་རེ་འདོད་བྱ་མི་རིགས་པར།བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་ལས་བྱང་ཆུབ་ཀྱི་སེམས་བསྒོམ་དགོས་ཚུལ་ནན་གྱིས་གསུངས་ཤིང་།བློ་སེམས་དོག་པོས་གྲུབ་མཐའ་དང་ཆོས་བརྒྱུད་གཞན་གྱི་བདེ་ཆེན་ཞིང་དུ་སྐྱེ་ཐབས་ཀྱི་བསྟན་དོན་མཐའ་སྐྲོད་མི་བྱ་བར།གནད་གཅིག་ཏུ་དྲིལ་ཏེ་ཉམས་སུ་ལེན་དགོས་པའི་བླང་བྱ་བཏོན།

ཚེས་༩ཉིན་གྱི་ཕྱི་དྲོར།ཁན་ལིས་ཧྥོར་ནེ་ཡ་གླིང་(California)གི་གནའ་རབས་ཀྱི་སྒེར་བཙུགས་ཞིབ་འཇུག་ཁོངས་གཏོགས་ཀྱི་སློབ་ཆེན་ཏེ།ལྷོ་ཁན་ལིས་ཧྥོར་ནེ་ཡ་སློབ་ཆེན་དུ།”སྡུག་བསྔལ་ཉིད་ནི་མི་ཚེའོ་(Living through Suffering)”ཞེས་པའི་འཆད་ཁྲིད་གནང་ཞིང་།ཨ་རིའི་སྤྱི་ཚོགས་ཀྱི་ད་ཡོད་གནས་ཚུལ་དང་ཟུང་འབྲེལ་གྱིས།རྩ་བའི་སྡུག་བསྔལ་གསུམ་དང་ཡན་ལག་གི་སྡུག་བསྔལ་བརྒྱད་ཀྱི་ཡོངས་ཁྱབ་རང་བཞིན་ལ་དབྱེ་ཞིབ་གནང་ཞིང་།རྣམ་པ་ཚང་མས་རང་སེམས་འདུལ་སྦྱོང་ལ་བརྟེན་ནས་གནད་དོན་འདི་རིགས་ལ་གདོང་ལེན་བྱ་དགོས་པའི་སློབ་སྟོན་གནང་།

ཚེས་༡༠ཉིན་གྱི་ཕྱི་དྲོར།ནོ་ཝེར་བྱ་དགའ་ཐོབ་མཁན་༡༤གསོ་སྐྱོང་བྱས་ཤིང་།ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་༡༠༦བླངས་བའི་ཁན་ལིས་ཧྥོར་ནེ་ཡ་སློབ་ཆེན་གྱི་ཡན་ལག་སློབ་གྲྭ་ལའོ་ཧྲན་ཇི་སློབ་ཆེན་དུ།”ས་སྒང་གི་དག་ཞིང་བླ་རུང་(Pureland in Samsara-Larung)”ཞེས་པའི་འཆད་ཁྲིད་གནང་ཞིང་།རྡོ་གྲུབ་བྱང་ཆུབ་རྡོ་རྗེས་ཆོས་རྗེ་ཡིད་བཞིན་ནོར་བུ་ལ་ལུང་བསྟན་གནང་བ་གཙོ་དོན་དུ་བྱས་ཏེ།བླ་རུང་གི་འཛུགས་སྐྲུན་ལོ་རྒྱུས་དང་སློབ་ཁྲིད་སྒྲིག་འཛུགས།སློབ་མའི་གྲུབ་ཚུལ།མཐར་ཕྱིན་འགྲོ་ཕྱོགས།སྤྱི་ཚོགས་ཤུགས་རྐྱེན་སོགས་ངོ་སྤྲོད་གནང་།འཆད་ཁྲིད་ཀྱི་མཇུག་ཏུ།མ་གཞི་བླ་རུང་གི་མ་འོངས་པའི་འཕེལ་ཕྱོགས་ལ་ཁ་གཏད་དེ་ཕྱོགས་སྡོམ་ཞིག་ཡོད་འོས་ཀྱང་།མཁན་པོ་མཆོག་གིས་”དེ་ནི་འདྲི་རྟགས་ཤིག་རེད་”ཅེས་གསུངས་པས།ཚང་མར་དེའི་སྐོར་ལ་བསམ་གཞིགས་ཀྱི་དབུ་བསླངས་ཡོད།

དགོང་མོར།ཧ་སིན་ཏར་(Hacienda Heights)གྲོང་ཁུལ་ནས་ནང་བསྟན་གྱི་སྡེ་ཁག་ལ་”ཆོས་སྤེལ་དང་གཞན་ཕན་གྱི་རྨང་གཞི་”ཞེས་པའི་འཆད་ཁྲིད་སྤེལ་ནས།མཐུན་སྒྲིལ་མཉམ་འབྲེལ་དང་ཐུན་མོང་སློབ་སྦྱོང་སྐོར་ནས་གསུང་གླེང་མཛད།

ཚེས་༡༢ཉིན།ཞོགས་པའི་དུས་ཚོད་༢ནས་ཁང་ནེ་དེས་ཁི་ཁུལ།ནིའོ་ཧེ་ཝུན་གྲོང་དུ་ཕེབས་ཤིང་།ཕྱི་དྲོར།ཡེ་ལོའུ་སློབ་ཆེན་ནས་”དེང་རབས་སྤྱི་ཚོགས་ཀྱི་བློ་སེམས་གཅིག་སྒྲིམ་དང་བསམ་གཏན་སྒོམ་པ་(Mindfulness and Meditation in the Modern World)”ཞེས་པའི་འཆད་ཁྲིད་སྤེལ་ནས།སེམས་གནས་པའི་བཞག་ཐབས་དགུའི་སྒོ་ནས་བསམ་གཏན་སྒོམ་པའི་ཐབས་ཚུལ་སོགས་ངོ་སྤྲོད་གནང་ཞིང་།ཁོང་གིས།”རང་ཉིད་ཀྱི་སེམས་འདུལ་སྦྱོང་ཐུབ་ན་ཡོད་ཚད་འདུལ་སྦྱོང་བྱ་ནུས་ཤིང་།གལ་ཏེ་སེམས་རྣལ་དུ་འབབ་མི་ཐུབ་ཅིང་རང་དོན་ཙམ་ཡང་སྒྲུབ་མི་ནུས་པ་ཞིག་གིས་གཞན་དོན་ཇི་ལྟར་འགྲུབ་བམ།སེམས་རྣལ་དུ་གནས་པ་ཁོ་ནས་རང་ལ་བདེ་སྐྱིད་ལྡན་ཞིང་གཞན་པར་བདེ་སྐྱིད་སྒྲུབ་པར་རོགས་རམ་བྱ་ནུས་”ཞེས་གསུངས།

འཆད་ཁྲིད་ཀྱི་སྔོན་དུ།མཁན་པོ་མཆོག་གིས་ཡེ་ལོའུ་སློབ་ཆེན་གྱི་དཔེ་མཛོད་ཁང་དང་རིག་དངོས་གཅེས་ཉར་ཁང་།ནང་བསྟན་གྱི་བསམ་གཏན་ལྟེ་གནས་བཅས་ལ་གཟིགས་ཞིབ་གནང་ཞིང་།སློབ་མའི་ཚབ་བྱེད་དག་ལ་སློབ་གྲྭར་ཕན་ཡོད་ངང་དུས་ཚོད་བཀོད་སྒྲིག་ཇི་ལྟར་བྱ་བ་དང་།སློབ་ཆེན་ལོ་རིམ་བཞི་པའི་སློབ་མ་དག་གིས་ལས་ཞུགས་རེ་འདུན་ཇི་ལྟར་གཏན་ཁེལ་བྱེད་པའི་སྐོར་ནས་དྲིས་ལན་གནང་།མཁན་པོ་མཆོག་གིས།”སློབ་མ་རྣམས་སློབ་ཐོན་བྱུང་མ་ཐག་ནས།སྤྱི་ཚོགས་ཀྱི་རྣམ་འགྱུར་འཛིན་སྟངས་དང་རང་ཉིད་ཀྱི་རྒྱལ་ཁ་ཆེན་པོ་དང་མཐོན་པོར་རེ་ལྟོས་འཆང་མི་རུང་བར།སློབ་སྦྱོང་དུ་འགྲོ་བའི་རྣམ་འགྱུར་ལྟ་བུ་ཞིག་དགོས་ཏེ།དལ་མོར་བགྲོད་པ་ལས་ཧོར་རྒྱུག་མ་བྱེད་”ཅེས་གསུངས་ཤིང་།ཚོགས་རའི་སློབ་དཔོན་ཞིག་གིས།”མཁན་པོ་མཆོག་གི་བསླབ་བྱ་ཏན་ཏན་བདེན་པར་འདུག་སྟེ།སློབ་མ་མང་པོ་ཞིག་གིས་དངོས་གནས་སུ་བྲེལ་འགྲན་གྱིན་ཡོད་པ་ལྟ་བུར་ཆགས་འདུག་”ཅེས་བཤད།

འཆད་ཁྲིད་ཀྱི་རྗེས་ནས།མཁན་པོས་སློབ་དཔོན་ཁ་ཤས་དང་མཉམ་དུ་ནུབ་ཇ་གསོལ་ཞོར།འཛམ་གླིང་གི་ཆོས་ལུགས་ཚང་མ་འཆམ་མཐུན་ངང་འཕེལ་རྒྱས་སུ་འགྲོ་དགོས་པའི་སྐོར་གསུང་གླེང་བྱས་ཤིང་།སློབ་དཔོན་ཞིག་གིས་ཡེ་ལོའུ་སློབ་ཆེན་གྱི་དགེ་སློབ་རྣམས་ཀྱི་དད་པ་བྱེད་ཡུལ་མི་འདྲ་བའི་ཆོས་ལུགས་༡༣གྱི་སྡོམ་རྩིས་སྒོར་དབྱིབས་རི་མོ་ངོ་སྤྲོད་བྱས།མཁན་པོ་མཆོག་གིས།ཡེ་ལོའུ་སློབ་ཆེན་གྱི་ལྷ་མེད་སྨྲ་བ་རྣམས་ཀྱི་བསྡུར་ཚད་ནི་༡༤%ཡིན་པ་གསར་རྟོགས་བྱུང་ལ།སློབ་དཔོན་གྱིས་ད་དུང་མཁན་པོ་མཆོག་ལ་ཆོས་ལུགས་བཅུ་གསུམ་གྱི་མཚོན་རྟགས་བཀོད་པའི་ལག་གདུབ་ཅིག་ཕུལ་ཞིང་།མཁན་པོས་དེ་མུར་ཕྱག་ལ་མནབས་ཏེ་དགྱེས་འཛུམ་ངང་།”འདིས་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་ཆོས་ལུགས་པ་རྣམས་ཀྱི་མཛའ་མཐུན་མཉམ་འབྲེལ་མཚོན་གྱིན་འདུག་པས་ཤིན་ཏུ་ཡག་པོ་རེད་”ཅེས་གསུངས།

དགོང་མོའི་དུས་ཚོད་༨པར།རླངས་འཁོར་ལ་བཞུགས་ཏེ་ནང་བསྟན་སྡེ་ཁག་གི་ཚོགས་ར་གཞན་ཞིག་ཏུ།”རང་གཞན་དོན་གཉིས་སྒྲུབ་ཐབས་”ཞེས་པའི་འཆད་ཁྲིད་གནང་ཞིང་།”གུ་རུའི་བཀའ་དབང་”དང་འབྲེལ་བའི་ལུང་གནང་།

ཚེས་༡༣ཉིན་གྱི་ཕྱི་དྲོར།སངས་རྒྱས་ཤཱཀྱ་ཐུབ་པ་ལྷ་ལས་བབས་པའི་དུས་ཆེན་དང་སྟབས་ཁེལ་བས།ཡེ་ལོའུ་སློབ་ཆེན་དུ་ཆོས་ལུགས་ཚན་ཁག་གི་སློབ་མ་རྣམས་ལ།”སངས་རྒྱས་ཀྱི་སྐྱེ་རབས་(Life of the Buddha)”ཞེས་པའི་འཆད་ཁྲིད་མཛད་དེ།ཐེག་ཆེན་ནང་བསྟན་གྱི་སྟོན་པའི་མཛད་པ་བཅུ་གཉིས་ཞིབ་འགྲེལ་མཛད།དེ་རྗེས།ཞིབ་འཇུག་སློབ་མའི་ཚབ་བྱེད་དག་དང་མཉམ་དུ་གུང་ཟས་ལ་རོལ་གྱིན།དེ་དག་གིས་བོད་བརྒྱུད་ནང་བསྟན་ལ་ཞིབ་འཇུག་བྱས་པའི་གྲུབ་འབྲས་དང་།དཔའ་སྤྲུལ་རིན་པོ་ཆེའི་སྔོན་འགྲོའི་ཁྲིད་ཡིག་བཀླགས་པའི་བློ་སྐྱེད་ལ་ཤེས་རྟོགས་དང་རྒྱུས་ལོན་མཛད།སློབ་མ་ཞིག་གིས་མཁན་པོ་ལ།”ཁྱེད་ལ་སྔོན་འགྲོའི་ཚན་པ་གང་ལ་སྤྲོ་སྣང་འདུག་”ཅེས་དྲིས་ཚེ།མཁན་པོ་མཆོག་གིས།”མི་རྟག་པ་སྒོམ་པ་”ཞེས་ལན་གནང་ཚེ།སློབ་མ་རྣམས་ཀྱིས་མཚར་སྣང་ངང་ཅིའི་ཕྱིར་ཞེས་དྲིས་ཚེ།མཁན་པོ་བཞད་ཙམ་བྱས་ཏེ།”མི་རྟག་པ་མི་འགྱང་བར་བསླེབ་རན་པས་སོ་”ཞེས་ལན་གནང་།༼དོན་ནི་མི་འགྱང་བར་ཚང་མ་དང་ཁ་གྱེས་དགོས་ཞེས་པའོ།།༽

ཕྱི་དྲོའི་དུས་ཚོད་༢:༣༠སྐབས།ནེའུ་ཇིར་སེ་(New Jersey)ཁུལ་གྱི་ཨ་རིའི་ཕྱོགས་བསྡུས་ཨང་རིམ་གྱི་ཨང་དང་པོ་ཡིན་པའི་ཕི་རེན་སི་ཐིན་(Princeton)སློབ་ཆེན་དུ་བསྐྱོད་ཅིང་།དུས་ཚོད་༦:༡༥ཐོག་སློབ་གྲྭ་དེ་གའི་དམིགས་བསལ་སྐུ་མགྲོན་སྣེ་ལེན་ཁང་ངམ།ཨ་རིའི་སྲིད་འཛིན་ཝེར་ཤིན་གྱི་བདམ་ཐོན་མ་བྱུང་སྔོན་གྱི་སྡོད་གནས་”མདུན་ལྗོངས་ཁང་(Prospect House)”དུ་ཕེབས་ཏེ།སློབ་དཔོན་དང་སློབ་མའི་ཚབ་བྱེད་དག་དང་མཉམ་དུ་ནུབ་ཇ་གསོལ་གྱིན།ཁོ་ཚོའི་ཆོས་ཐམས་ཅད་སེམས་ཙམ་ཡིན་ཚུལ་དང་གཏེར་ཆོས།བསམ་གཏན།སེམས་ཅན་འདྲ་མཉམ།མི་སྒེར་རིང་ལུགས།དབུལ་ཕོངས་མི་གྲངས་སོགས་ཀྱི་དྲི་བར་བཀའ་ལན་གནང་།

ཚེས་༡༤ཡི་ཉིན་གུང་དུ།ཕི་རེན་སི་ཐིན་སློབ་ཆེན་གྱི་”མེ་ཁི་རའོ་སློབ་ཁྲིད་ལྟེ་གནས་(McGraw Center for Teaching and Learning)”སུ།སློབ་གསོ་རིག་པ་པ་དང་མཉམ་དུ།བྱང་ཚད་མཐོ་བའི་སློབ་མ་དང་སློབ་དཔོན་ཇི་ལྟར་གསོ་སྐྱོང་བྱ་བ་དང་དགེ་སློབ་ཀྱི་འབྲེལ་བ་བཟང་པོ་འཛུགས་ཐབས་སྐོར་ནས་བསམ་བློ་བརྗེ་རེས་གནང་།དེ་འཕྲོར།ཨེན་སི་ཐན་གྱིས་སློབ་ཁྲིད་བྱས་མྱོང་བའི་སློབ་ཁང་དང་ཨེ་ཤ་ཡ་ཤར་མའི་ཞིབ་འཇུག་ལྟེ་གནས་སུ་གཟིགས་ཞིབ་གནང་རྗེས།ཕི་རེན་སི་ཐིན་སློབ་ཆེན་དུ་ཁ་བྱང་ལ་”དེང་རབས་བྱང་ཆུབ་སེམས་དཔའི་ལམ—-དེང་སྐབས་སྤྱི་ཚོགས་ཀྱི་བྱང་ཆུབ་སེམས་དཔའི་སྒོམ་པ་དང་སྤྱོད་པ་(Bodhisattva’s Path- the Practice and Action in the Modern Society)”ཞེས་པའི་འཆད་ཁྲིད་བརྒྱུད།བྱམས་སྙིང་རྗེ་དང་གཞན་ཕན་གྱི་སེམས།དཀར་ཟས་ཀྱི་ལྟ་བའི་དུས་རབས་འདིའི་སྙིང་དོན་སྐོར་ཞིབ་གསུང་གནང་།

དགོང་མོར།ཕིན་སི་བ་ནི་ཡ་ཁུལ་(Pennsylvania)གྱི་ཧྥེ་ལེ་ཏོ་ཧྥེ་ཡ་གྲོང་(Philadelphia)དུ་ཕེབས་ཤིང་།ཚེས་༡༥ཉིན་གྱི་ཞོགས་པར། ཐེམ་ཕུའུ་སློབ་ཆེན་(Temple University)ནས་”ནང་བསྟན་སྟོང་ཉིད་ཀྱི་བསམ་གཏན་སྒོམ་ཚུལ་(Buddhist Meditation on Emptiness)”ཞེས་པའི་འཆད་ཁྲིད་སྤེལ་ཞིང་།ཡང་དག་ཀུན་རྫོབ་ཀྱི་ཐེམ་སྐས་ལ་མ་བརྟེན་པར་དོན་དམ་སྟོང་པ་ཆེན་པོའི་ཁང་བཟང་དུ་བགྲོད་མི་ནུས་པའི་རིགས་གཞུང་གཞིར་བྱས་ཏེ།མན་ངག་གི་ཚུལ་དུ་དཔྱད་སྒོམ་དང་འཇོག་སྒོམ་ཞིབ་འགྲེལ་གནང་ཞིང་།བསམ་གཏན་གྱི་ལུགས་ལྟར་གསང་སྔགས་ཀྱི་སྟོང་ཉིད་སྒོམ་ཐབས་དང་སེམས་ཀྱི་དེ་ཉིད་རྟོགས་ཐབས་ཀྱི་རིན་ཐང་ཆེ་བའི་ཞལ་ལུང་གནང་།

འཆད་ཁྲིད་མཇུག་དྲིལ་ལ་ཉེ་དུས།མཁན་པོས།མི་ཚེ་འདིར་གསང་རྒྱ་དང་རིན་ཐང་ཆེ་བའི་ལུང་དེ་དག་ཐོལ་བྱུང་གི་ཚུལ་དུ་བཏོན་བཞག་པ་དེ།སྔོན་ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱིས།”རྗེ་མི་ཕམ་རྒྱ་མཚོས་གཅེས་ནོར་དུ་གནང་བ།།འདི་སྨྲ་བསམ་མེད་ཀྱང་ཁ་སྒོ་ནས་ཤོར་ཐལ།།”ཞེས་གསུངས་པ་ལྟར་གྱུར་སོང་།དེར་ཡང་རྒྱུ་རྐྱེན་རྟེན་འབྲེལ་མང་དག་ཅིག་ཡོད་ངེས་ཏེ།གཅིག་ནས་དད་གུས་ཆེ་བའི་ལུང་ཞུ་འདོད་མཁན་ཁ་ཤས་ཤིག ཁ་ན་ཏའི་འཆད་ཁྲིད་ཐེངས་དང་པོ་ནས་ད་བར་དུ་ཉན་དུ་སླེབས་ཡོད་པ་དང་།གཉིས་སུ་འདི་གའི་སློབ་དཔོན་དང་སློབ་མ་རྣམས་ཀྱིས་མི་ཕམ་རིན་པོ་ཆེ་དང་ཀློང་ཆེན་རབ་འབྱམས་གཙོ་བྱས་པའི་བོད་ཀྱི་གསང་སྔགས་འཛིན་པའི་སྐྱེས་ཆེན་དག་ལ་དད་མོས་མི་ཕྱེད་པ་བདོག་པ་སོགས་རྒྱུ་རྐྱེན་མང་པོ་འཛོམས་པས།རིན་ཐང་ཆེ་ཞིང་གཏིང་ཟབ་པའི་ཆོས་འདི་བཤད་པ་ཡིན་སྲིད་”ཅེས་གསུངས།སློབ་དཔོན་དང་མཉམ་དུ་གསོལ་ཇ་བཞེས་རྗེས།མཁན་པོ་ཞབས་ཐང་དུ་ཉེ་འཁོར་གྱི་ཨ་རིའི་རང་བཙན་ལོ་རྒྱུས་ཀྱི་རྒྱལ་ཁབ་སྤྱི་གླིང་”རང་བཙན་ཚོགས་ཁང་(Independence Hall)”ལ་ཕེབས་ཏེ།རང་དབང་དང་དྲང་བདེན་མཚོན་པའི་”རང་དབང་ཅོང་དུས་(Liberty Bell)”ལ་གཟིགས་སྐོར་གནང་།

ཚེས་༡༦ཉིན།ཧྥེ་ཅི་ཉི་ཡ་ཁུལ་ཧྲ་ལའོ་ཚི་ཝེར་གྲོང་དུ་ཕེབས་ཏེ་ངལ་གསོ་ཡུན་ཙམ་གནང་རྗེས།ཨ་རིའི་སྲིད་འཛིན་གསུམ་པ་ཐོམ་སི་ཇེ་ཧྥིམ་(托马斯·杰斐逊)གྱིས་བཙུགས་པའི་ཧྥེ་ཅི་ཉི་ཡ་སློབ་ཆེན་དང་།བཀའ་འགྱུར་དང་བསྟན་འགྱུར་སོགས་བོད་ཡིག་གི་གསུང་རབ་མང་དུ་ཉར་ཡོད་པའི་དཔེ་མཛོད་ཁང་ལ་གཟིགས་ཞིབ་གནང་།དེ་རྗེས།དེ་གར་ཡོད་པའི་བོད་ཀྱི་ཕྱི་སྦྱོང་སློབ་མ་རྣམས་ལ་ཨ་རིའི་སློབ་སྦྱོང་དང་འཚོ་བའི་ཁྲོད་ཀྱི་གནད་དོན་ལ་སློབ་སྟོན་གནང་ཞིང་།སློབ་གྲྭ་དེའི་བོད་ཀྱི་རིག་གནས་ལ་ཞིབ་འཇུག་བྱེད་ཀྱིན་པའི་ཨ་རིའི་སློབ་མ་རྣམས་ལ།བོད་བརྒྱུད་ནང་བསྟན་གྱི་སྒྲུབ་སྦྱོང་མ་ལག་སྐོར་གྱི་དོགས་གནད་འགྲེལ་བཤད་མཛད།

ཚེས་༡༧ཉིན་གྱི་ཕྱི་དྲོར།ཧྥེ་ཅི་ཉི་ཡ་སློབ་ཆེན་དུ་”རྒྱ་ཡུལ་གྱི་དེང་སྐབས་བོད་བརྒྱུད་ནང་བསྟན་(Contemporary Tibetan Buddhist Meditation in China)”ཞེས་པའི་གཙོ་དོན་འཆད་ཁྲིད་གནང་ནས།གཞུང་བཀའ་པོད་ལྔ་རྨང་གཞིར་བྱས་པའི་དྭངས་གཙང་ལྷད་མེད་ཀྱི་བོད་བརྒྱུད་ནང་བསྟན་གྱི་སློབ་གསོ་དེ།རྒྱ་ཡུལ་དུ་དུས་ཐོག་ཆར་པ་ལྟ་བུར་ཆགས་ཡོད་ཚུལ་གསལ་བཤད་མཛད་ཅིང་།དེ་རྗེས།སློབ་གྲྭ་དེ་གའི་ལོ་མང་རིང་འཁོར་བར་ཞིབ་འཇུག་བྱས་པའི་ཚན་རིག་པ་དང་མཉམ་དུ།འཁོར་བའི་ཞིབ་འཇུག་གི་ད་ལྟའི་གནས་ཚུལ་སྐོར་ནས་བསམ་བློ་བརྗེ་རེས་གནང་།

ཚེས་༡༨ཉིན།ཕྱིར་མཚོ་འགྲམ་གྱི་སིན་ཧྥི་རིན་སེ་སི་ཁའོ་(旧金山)རུ་ཕེབས།ཚེས་༡༩ཉིན་གྱི་ཕྱི་དྲོར།ཨ་རིའི་རྒྱལ་བཙུགས་སློབ་ཆེན་ཨང་དང་པོ་སྟེ།ཁན་ལིས་ཧྥོར་ནིས་ཡ་(California)སློབ་ཆེན་གྱི་ཡན་ལག་སློབ་ཆེན་པོ་ཁི་ལིས་ནས།”བསམ་གཏན་དང་རྫོགས་ཆེན་གྱི་འབྲེལ་བ་(The Relationship of Chan and Dzogchen )”ལ་དབྱེ་ཞིབ་དང་གསལ་འགྲེལ་གནང་ཞིང་།སྐབས་དེར།མཁན་པོ་མཆོག་གིས་ཐད་ཀར་ནུབ་ཕྱོགས་ཤེས་ཡོན་པ་འགའ་རེས་གསང་སྔགས་ཀྱི་ཆོས་དང་མི་མཐུན་པའི་བྱེད་ཕྱོགས་སྐོར་ཐེར་འདོན་བྱས་ཡོད་དེ།ཁོང་གིས།”དང་ཐོག་འདི་འདྲའི་ནུབ་ཕྱོགས་ཤེས་ཡོན་པ་མང་པོས་བོད་ཡིག་བྱང་ཆུབ་པར་ཤེས་པར་དགའ་སྤྲོ་ཆེན་པོ་སྐྱེས་ཀྱང་།རྗེས་སུ་གསར་དུ་རྟོགས་པ་ཞིག་ལ།ཤེས་ཡོན་པ་འགའ་རེས་ཤིན་ཏུ་ཟབ་པའི་གསང་སྔགས་ཀྱིས་དཔྱད་རྩོམ་འབྲི་སྤྱད་བྱས་ཏེ་རིག་གཞུང་རྩོམ་ཡིག་སྤེལ་གྱིན་འདུག དེ་ལྟར་བྱས་ན་བོད་བརྒྱུད་ནང་བསྟན་དར་སྤེལ་གཏོང་མི་ཐུབ་པར་མ་ཟད་གཏོར་བཤིག་གི་ཉེན་ཁའང་ཡོད་པ་རེད།བོད་ཀྱི་རིག་གནས་ཉམས་ཉེན་དང་འཕྲད་ཀྱིན་པའི་སྐབས་འདིར།སྲོལ་རྒྱུན་ལ་བརྩི་འཇོག་དང་རིག་གནས་ལ་སྲུང་སྐྱོབ་བྱེད་རོགས་ཀྱིས”ཞེས་གསུངས།

འཆད་ཁྲིད་མཇུག་རྫོགས་རྗེས།འཕྲལ་དུ་སིན་ཧྥི་རིན་སེ་སི་ཁའོ་མཚོ་འགག་ཤར་ཁུལ་གྱི་ཨི་ལའེ་མིས་ད་(Alameda)ཡི་ནང་བསྟན་ལྟེ་གནས་”ཨོ་རྒྱན་རྡོ་རྗེ་གདན་(Orgyen Dorje Den)”དུ་མང་ཚོགས་ལ་ཕུར་བ་མགུལ་ཁུག་མའི་བཀའ་དབང་གནང་།

ཚེས་༢༠ཉིན་གྱི་དགོང་མོར།སི་ཐན་ཧྥོར་དི་(Stanford)སློབ་ཆེན་ནས་”རྒྱ་ཡུལ་གྱི་བོད་བརྒྱུད་ནང་བསྟན་གྱི་ཁྱབ་དར་(The Popularity of Tibetan Buddhism in China)”ཞེས་པའི་འཆད་ཁྲིད་གནང་ཞིང་།ཆོས་རྗེས་འཇིགས་མེད་ཕུན་ཚོགས་ཀྱིས་ལོ་རབས་དྲུག་ཅུ་དང་བདུན་ཅུའི་སྐབས་དགེ་འདུན་པ་ཇི་ལྟར་གསོ་སྐྱོང་བྱས་ཚུལ་དང་།ལོ་རབས་༨༠པའི་མགོར་བླ་རུང་སྒར་བཙུགས་པའི་མཁྱེན་ཡངས་དང་གཟིགས་རྒྱང་རིང་བའི་མཛད་རྣམ་ལ་ཕྱིར་རྟོག་བྱས།འཆད་ཁྲིད་ཀྱི་སྔོན་དུ།སི་ཐན་ཧྥོར་དི་ཡི་ནང་བསྟན་ཞིབ་འཇུག་ལྟེ་གནས་ཀྱི་སློབ་དཔོན་དང་མཉམ་དུ།སློབ་གྲྭ་དེ་གའི་ནང་བསྟན་ཞིབ་འཇུག་གི་ད་ལྟའི་གནས་ཚུལ་དང་མ་འོངས་པའི་འཆར་གཞིའི་སྐོར་ནས་ཞིབ་བགྲོ་གནང་།

ཚེས་༢༡ཉིན་གྱི་དགོང་མོར།སི་ཐན་ཧྥོར་དི་སློབ་ཆེན་གྱི་རོལ་དབྱངས་ཚན་ཁག་ཏུ་བྱོན་ནས།”རྟོག་བཀོད་འཇིག་རྟེན་”རོལ་དབྱངས་ཚོགས་པར་ཤིས་ཚིག་གནང་ཞིང་།སློབ་མ་ཚོར།སྒྱུ་རྩལ་གྱིས་གནས་སྐབས་སེམས་ཁམས་ཀྱི་ནད་དག་ཞི་ལྷོད་དུ་གཏོང་ནུས་ལ།སེམས་ཀྱི་དེ་ཉིད་རྟོགས་པ་ཁོ་ནས་ད་གཟོད་རྟག་བརྟན་གྱི་བདེ་སྐྱིད་འཐོབ་ངེས་”ཞེས་གསུངས།

ཚེས་༢༢ཉིན་གྱི་སྔ་དྲོར།སིན་ཧྥི་རིན་སེ་སི་ཁའོ་ལྷོ་ཕྱོགས་ཀྱི་”རི་ལྗོངས་གྲོང་(Mountain View)”དུ།དེ་གའི་ནང་བསྟན་གྱི་སྡེ་ཁག་ལ་”ནང་ཆོས་ཀྱིས་ཁྱོད་ལ་བདེ་སྐྱིད་དང་མི་ཚེའི་སྙིང་དོན་སྩོལ་ངེས་”ཞེས་པའི་འཆད་ཁྲིད་སྤེལ་རྗེས།འཕྲལ་དུ་གནམ་ཐང་དུ་ཕེབས་ནས་སིས་ཨི་ཐིའོ་(Seattle)ཡི་ཕྱོགས་སུ་འཕུར་སྐྱོད་གནང་།

ཚེས་༢༣ཉིན་གྱི་ཕྱི་དྲོར།པེར་ཝེའོ་(Bellevue)གྲོང་ཁྱེར་གྱི་ལྟེ་གནས་མའེ་དིན་པོར་(Meydenbauer)གྲོས་ཚོགས་ལྟེ་གནས་སུ།སྙི་ཕྲན་(Microsoft微软)དང་དགོས་དགུ( Google)།པོ་ཡུན་(The Boeing Company)སོགས་ཚན་རྩལ་གྱི་ཆུ་ཚད་མཐོ་བའི་སྤྱི་གཉེར་ཁང་གི་མཁས་པ་དག་ལ།”ནང་བསྟན་མཚན་ཉིད་རིག་པ་དང་དེང་རབས་ཁེ་ལས་བདག་གཉེར་(Buddhist Philosophy and Modern Business Management)”ཞེས་པའི་འཆད་ཁྲིད་གནང་ཞིང་།གཞན་ཕན་ནི་ཁེ་ལས་གོང་འཕེལ་གྱི་རྩ་བ་དང་མཐར་ཐུག་གི་བདག་གཉེར་ནི་སེམས་ཀྱི་བདག་གཉེར་ཡིན་པར་བསྟན།

དགོང་མོར།པེར་ཝེའོ་ཡི་ནུབ་ཕྱོགས་ཀྱི་མོ་སིར་མཚོ་གླིང་(Mercer Island)དུ་ནང་བསྟན་སྡེ་ཁག་ལ་སྤྱན་རས་གཟིགས་ཀྱི་དབང་དང་འབྲེལ་བའི་ལུང་གནང་།

རྗེས་མཐུད།

ཟླ་༡༡པའི་ཚེས་༢༤ཉིན།དུས་ཚོད་༡༣རིང་མཚོ་ཐོག་འཕུར་སྐྱོད་བརྒྱུད་དེ་ཀྲུང་གོར་ཕྱིར་ཕེབས་པ་སྟེ་ཧྲང་ཧེ་གྲོང་ཁྱེར་དུ་འབྱོར།

ཚེས་༢༦ཉིན།"དར་མའི་གོས་གསར་(时装男士)"དུས་དེབ་ཁང་གི་བཅར་འདྲི་དང་ལེན་བྱས་ཤིང་།དགོང་མོར་སྤོས་ལྡན་༼ཁྲི་འདུ་༽གྲོང་དུ་འཕུར་སྐྱོད་གནང་།

ཚེས་༢༧ཉིན།གྲངས་ཉུང་མི་རིགས་ཀྱི་ཨེ་ནད་འགོག་བཅོས་ཚོགས་འདུར་ཞུགས།

ཚེས་༢༨ཉིན།སྔ་དྲོར་ལི་ཁོག་སློབ་འབྲིང་གི་གྲབས་འཛུགས་ཚོགས་འདུར་ཞུགས་ཤིང་།ཕྱི་དྲོར་ནང་བསྟན་སློབ་གླིང་གི་འཛུགས་སྐྲུན་འཆར་འགོད་ཚོགས་འདུར་ཞུགས།

ཚེས་༢༩ཉིན།སྤོས་ལྡན་གྲོང་དང་གྱེས་ཤིང་།ཟླ་༡༢པའི་ཚེས་༡ཉིན་ནང་བསྟན་སློབ་གླིང་དུ་འབྱོར།

སྐབས་དེ་ནས།༢༠༡༤ལོའི་ཕྱི་ཕྱོགས་ཆོས་སྤེལ་འགྲུལ་བཞུད་བདེ་ལེགས་ངང་མཇུག་ཡོངས་སུ་དྲིལ།

ཟླ་༩པའི་ཚེས་༢༣ཉིན་འགྲུལ་བཞུད་ཀྱི་མགོ་བརྩམས་པ་ནས་ཟླ་༡༢པའི་ཚེས་༡ཉིན་ཕྱིར་བླ་རུང་དུ་ལོག་པའི་ཉིན་བདུན་ཅུའི་རིང་།གནམ་གྲུ་ནས་དུས་ཚོད་༩༥རིང་སྤྱི་ལེ་༥༦༨༩༨ལ་འཕུར་བསྐྱོད་གནང་ཞིང་།རླངས་འཁོར་དུ་དུས་ཚོད་༩༨ལ་ཕེབས།འགྲུལ་བཞུད་ལམ་ཐག་བསྡོམས་ན་སའི་གོ་ལར་ལན་གཉིས་བསྐོར་བ་ལྟ་བུ་རེད།རྒྱལ་ཁབ་བཞིའི་གྲོང་ཁྱེར་ཁག་༢༡དང་། སློབ་ཆེན་༡༦།ཆོས་ཚོགས་ཁག་༤དང་ཚོགས་ཁང་༩བཅས་སུ།ཁྱོན་འཆད་ཁྲིད་ཐེངས་༤༢དང་དགེ་སློབ་དང་ཤེས་ཡོན་པའི་སྡེར་བསམ་བློ་བརྗེ་རེས་ཀྱི་གསུང་གླེང་༡༦།བཀའ་དབང་ཁག་༤དང་སྲོག་བླུ་ཐེངས་༡།གཟིགས་སྐོར་ཐེངས་༤ལ་ཕེབས་ཡོད།ད་དུང་ཞིབ་ཕྲའི་གནས་ཚུལ་གཞན་དག་བསྣན་ན།མཁན་པོ་མཆོག་ཐེངས་འདིར་ཕྱི་བསྐྱོད་མཛད་པའི་ཉིན་རེའི་འགྲུལ་བཞུད་ཞིབ་གསལ་རེའུ་མིག་A4ཤོག་བུར་པར་ཚེ་ཏག་ཏག་ཤོག་གྲངས་༦༨འདུག

མ་གཞི།ཐེངས་འདིར་ཨ་རིའི་ཁྲེའི་ཁ་ཀའོ་(Chicago)སློབ་ཆེན་དང་ཨ་རིའི་ནུབ་བྱང་སློབ་ཆེན།ཝ་ཧྲིན་ཐོན་སློབ་ཆེན།ཁ་ན་ཏ་ཨའོ་ཐེ་ཝ་(Ottawa )སློབ་ཆེན།དབྱིན་ཇིའི་ཨ་ཁི་སི་ཧྥོར་དི་སློབ་ཆེན་སོགས་ཀྱིས་གདན་འདྲེན་ཞུ་ཡིག་བསྐུར་ཡང་།མཁན་པོ་མཆོག་གིས་འགྲུལ་བཞུད་ཀྱི་མགོ་མ་བརྩམ་སྔོན་ནས།ཟླ་༡༢པའི་མགོར་ནང་བསྟན་སློབ་གླིང་དུ་ཕྱིར་ཕེབས་ཏེ།རྫོགས་པ་ཆེན་པོའི་སེམས་ཉིད་ངལ་གསོའི་དཔེ་ཁྲིད་ཀྱི་འཕྲོ་སྐྱོང་རྒྱུ་ཞལ་གྱིས་བཞེས་པས།གནས་སྐབས་སུ་མཚམས་འཇོག་མཛད།

ཐེངས་འདིའི་ཆོས་སྤེལ་འགྲུལ་བཞུད་དུ།དུས་ཁུལ་དང་དུས་ཚིགས་མི་འདྲ་བ་བརྒྱུད་དེ།ལྷོ་བྱང་ཕྱེད་མ་དང་ཨ་གླིང་བྱང་མའི་ཤར་ནུབ་ཀྱི་མཚོ་ངོགས་སུ་འགྲོ་འོང་མང་ཙམ་མཛད་ཅིང་།འཆད་ཁྲིད་རེ་མཇུག་བསྡུས་རྗེས་དེ་འཕྲལ་འབབ་ཚུགས་འོག་མར་ཕེབས་བསྐྱོད་གནང་།ལམ་ཐག་ཇི་འདྲའི་རིང་ཡང་།མཁན་པོ་མཆོག་གནམ་གྲུ་དང་མཚོ་གྲུ་ནས་སྔ་གཞུག་ཏུ་གྲོན་ཆུང་འདུག་གནས་སུ་དུས་ཚོད་བཅུ་ལྷག་ལ་བཞུགས་པས་རྐང་པའང་ཅུང་སྐྲང་ཡང་།ཁོང་གིས་འདིར་བསྡད་ན་སྐྱིད་པོ་རེད།ཚོང་དོན་སྡོད་གནས་སུ་སྡོད་པའི་དགོས་པ་མི་འདུག་ཅེས་གསུངས།ལམ་བར་ནས།མཁན་པོ་མཆོག་ཉིན་རེར་ཆ་སྙོམས་དུས་ཚོད་གསུམ་མམ་བཞི་ཙམ་ལས་གཟིམས་མེད་པས།ཁོང་ལ་”ངལ་ལམ་”ཞེས་འདྲི་དུས།ཁོང་གིས་ལན་ནི་ནམ་ཡང་”མི་དཀའ་འི།སྐྱིད་པོ་འདུག་”ཅེས་པ་དེ་རེད།འོན་ཀྱང་།ང་ཚོས་ཟུར་ནས་ཚོགས་འདུར་དོན་དག་གྲོས་མོལ་བྱེད་སྐབས།ཐེངས་དུ་མར་གསུང་གླེང་ཚན་པ་གཅིག་གི་ཕྱེད་ཙམ་ལ་ཐོན་དུས་གཟིམས་སོང་ལ།སྐར་ཆ་འགའ་ཙམ་གྱི་རྗེས་སུ་སླར་ཡང་གསུང་གླེང་གི་འཕྲོ་བསྐྱངས།དུས་ཚོད་དམ་འཛིན་གྱི་ཆེད་དུ།གསོལ་ཚིགས་མང་ཆེ་བའི་གསོལ་ཟས་ཤིན་ཏུ་སྟབས་བདེ་ཡིན་ལ།གལ་ཏེ་གཞན་ཞིག་གིས་སིལ་ཏོག་སོགས་ཟ་མ་བཟང་པོ་རེ་གྲ་སྒྲིག་བྱས་ཡོད་ཚེ།ཁོང་གིས་ཧ་ཅང་ཞི་འཇམ་ངང་”ཟ་མ་དང་སྡོད་གནས་ཐད་དུས་ཚོད་བརླག་མི་དགོས་”ཞེས་དང་ལེན་མ་བྱས།

ད་དུང་གླེང་རིན་ཡོད་པ་ཞིག་ནི།ཨ་རིར་བཞུགས་སྐབས།མཁན་པོ་མཆོག་ལ་བོད་དབྱིན་ལོ་ཙཱ་བྱེད་མཁན་དང་།བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་སོ་སོའི་སྐྱེས་ཆེན་དག་ལ་ལོ་ངོ་༣༠ལྷག་རིང་བོད་དབྱིན་ལོ་ཙཱ་མཛད་ཅིང་།༡༩༩༣ལོར་ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱིས་ཨ་རིར་ཆོས་འཁོར་སྐོར་སྐབས་ཀྱང་ལོ་ཙཱ་བྱས་མྱོང་བའི་ཨ་རི་བ་དེས།མཁན་པོ་མཆོག་གིས་ཉིན་མཚན་དབྱེར་མེད་ངང་ས་གནས་སོ་སོར་ཕེབས་ཏེ་འཆད་ཁྲིད་གནང་ཚུལ་ལ་རྒྱུས་ལོན་བྱས་རྗེས།ཁོ་མོས་མྱོང་ཚོར་ཤུགས་དྲག་པོས།”དེང་སྐབས་ནུབ་ཕྱོགས་སུ་བོད་བརྒྱུད་ནང་བསྟན་སྤེལ་བའི་རྒན་རབས་དམ་པ་ཕལ་མོ་ཆེ་ཞིང་ལ་གཤེགས་ཟིན་པས།མཁན་པོ་ལགས་ཀྱིས།དྭངས་གཙང་གི་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་འདུ་ཤེས་ནུབ་ཕྱོགས་པ་དག་གི་མིག་མདུན་དུ་བཤམས་སྟོན་གནང་བ་དངོས་གནས་ཁ་ཚ་དགོས་གཏུགས་ཀྱི་དོན་ཞིག་རེད་འདུག་ལ།མཁན་པོ་ལགས་ཀྱི་དཔེ་ཁྲིད་ཀྱི་རྣམ་པ་དང་།ནུབ་ཕྱོགས་པ་རྣམས་དང་བསམ་བློ་བརྗེ་རེས་བྱས་པའི་ཐབས་ལམ།དེ་མིན་ཁོང་སྒེར་གྱི་མི་གཞིའི་ཡིད་དབང་འཕྲོག་ཤུགས་སོགས་ལས།ངས་མ་འོངས་པར་ཁོང་གིས་ནུབ་ཕྱོགས་སུ་ནང་བསྟན་སྤེལ་བའི་རླབས་ཆེན་གྱི་མཛད་འཕྲིན་མཐོང་ཐུབ་ཀྱིན་འདུག དེ་ངོ་མ་མཛེས་སྡུག་ལྡན་པ་ཞིག་རེད་”ཅེས་བཤད།

སློབ་མ་ཚུལ་ཁྲིམས་བློ་གྲོས་ཀྱིས་༢༠༡༤ལོའི་ཟླ་༡༢པའི་ཚེས་༡༨ཉིན་ནུབ་བྱང་མི་རིགས་སློབ་ཆེན་ནས་བོད་ཡིག་ཏུ་བསྒྱུར།

མི་གསལ་ས་དང་མི་གོ་ས་ཡོད་ན།མ་ཟིན་རྒྱ་ཡིག་ལ་གཟིགས་འཚལ།དྲྭ་གནས།

http://www.buddhistweb.org/2014/12/43021

http://www.zhibeifw.com/

PDF ཕབ་ལེན།

 

ཕབ་ལེན།