༄༅།། ཆུའི་བསྟན་བཅོས།

༄༅། །ལེགས་པར་བཤད་པ་ཆུའི་བསྟན་བཅོས་ལུགས་གཉིས་རླབས་ཕྲེང་བརྒྱ་ལྡན་ཞེས་བྱ་བ་བཞུགས་སོ། །

མཁྱེན་པའི་གཏིང་མཐའ་མི་མངོན་ཞིང་། །ཐུགས་རྗེའི་ཡིད་བཞིན་ནོར་གྱིས་གཏམས། །

མཛད་པའི་རླབས་ཕྲེང་གཡོ་བ་ཅན། །ཐུབ་དབང་ཆོས་ཀྱི་རྒྱ་མཚོ་རྒྱལ། །

རྙོག་བྲལ་དྭངས་པའི་ཆུ་རྒྱུན་གྱིས། །ལུས་ཅན་གདུང་བ་ཞི་བྱེད་ལྟར། །

ལེགས་བཤད་གསར་པའི་བདུད་རྩི་ཡིས། །བློ་ལྡན་སྐྱེ་བོ་དབུགས་དབྱུང་བྱ། །

དྲི་བཟང་བསྒོས་པའི་ཆུ་གཙང་དེ། །མཆོད་ཡོན་ཞབས་བསིལ་བསང་གཏོར་སོགས། །

གང་དུ་བྱས་ཀྱང་ལེགས་པ་ལྟར། །ལེགས་བཤད་གཏམ་ནི་ཀུན་ལ་མཛེས། །

ལུགས་གཉིས་བླང་དོར་ཤེས་པ་ཡིས། །གནས་སྐབས་མཐར་ཐུག་དོན་འགྲུབ་སྟེ། །

བརྟག་པ་ཀུན་ལ་མཁས་པ་ཡིས། །དེད་དཔོན་རྒྱ་མཚོར་ཞུགས་པ་བཞིན། །

ཆུ་ཕྲན་བརྒལ་བར་མི་ནུས་དེས། །རྒྱ་མཚོ་རྐྱལ་གྱིས་ག་ལ་ཆོད། །

ཡ་རབས་ལུགས་ཀྱང་མི་ཤེས་ན། །ཆོས་ཀྱི་དེ་ཉིད་ཇི་ལྟར་རྟོགས། །

གཟུར་གནས་རིག་པར་ལྡན་པ་དེས། །གཞན་གྱི་ཡོན་ཏན་ལེན་པར་བྱེད། །

སྤང་ལྗོངས་གཙང་མའི་དལ་འགྲོ་མ། །ལྷུང་ལྷུང་ཟེར་ཞིང་མེ་ཏོག་འཐུ། །

ངན་པས་ཕྱོགས་མཐའ་བསྐོར་ན་ཡང་། །སྐྱོན་གྱི་རིགས་རྣམས་སྡུད་པར་བྱེད། །

ངམ་གྲོག་ས་རལ་ཅན་གྱི་ཆུས། །འདམ་གྱི་སྙིགས་མ་འདྲེན་དང་མཚུངས། །

ཡོན་ཏན་དང་པོར་སློབ་དཀའ་ལ། །ཤེས་བཞིན་མེད་ན་ཉམས་པ་སླ། །

ཆུ་ཐིགས་བསགས་པས་འགེངས་དཀའ་ཡང་། །བོ་ན་ཅིག་ཅར་ཉིད་དུ་འཛད། །

དཀའ་སྤྱད་ཁུར་དུ་འཁྱེར་ནུས་ན། །བྱ་བ་གང་ཡང་དཀའ་བ་མེད། །

ཆུ་ཡི་ནང་དུ་ཞུགས་པ་དེར། །ཆར་གྱིས་ལྷག་པར་གནོད་མི་འགྱུར། །

རྒྱུན་ཆགས་བརྩོན་པ་མ་བཏང་བར། །བགས་ཀྱིས་བསྒྲུབས་ན་ཅི་ཡང་འགྲུབ། །

ཆུ་བོ་དལ་གྱིས་འབབ་པ་ཡིས། །ཡངས་པའི་ས་ཆེན་བསྐོར་ནས་འགྲོ། །

བྱ་བ་ཆེན་པོ་ཡུན་གྱིས་བསྒྲུབ། །ངང་ཐུང་འབད་པས་མཐར་མི་ཕྱིན། །

རླུང་ཆེན་དལ་ཡང་རིང་འགྲོ་ལ། །རྦ་རླབས་དྲག་ཀྱང་ཆེར་མི་འགྲོ། །

བྱ་བ་ཉམས་ཀྱིས་མི་ལྕོགས་ན། །གཞན་གྱིས་རྦད་ཀྱང་བྱར་མི་རུང་། །

རྐྱལ་མི་ཤེས་ན་གཞན་དག་གིས། །བསྐུལ་ཡང་ཆུ་ནང་ཅི་ཕྱིར་མཆོང་། །

ཆུ་བོ་ཐུན་མོང་མཆོད་ཡོན་ཏེ། །ཉི་ཟླ་ཐུན་མོང་སྒྲོན་མེ་གསལ། །

དམ་པ་ཐུན་མོང་གཙུག་རྒྱན་དང་། །དམ་ཆོས་ཐུན་མོང་བདུད་རྩི་ཡིན། །

དར་ཆེན་གྲུ་གཟིངས་རྒྱ་མཚོའི་རྒྱན། །སྤྲིན་བྲལ་ཟླ་བ་ནམ་མཁའི་རྒྱན། །

མཁས་པའི་སྐྱེ་བོ་བསྟན་པའི་རྒྱན། །རུ་འདྲེན་དཔའ་བོ་དཔུང་གི་རྒྱན། །

ཡ་རབས་མཛངས་སྤྱོད་དཔོན་དང་འབངས། །ཕན་ཚུན་ལེགས་ཚོགས་གོང་དུ་སྤེལ། །

རྒྱ་མཚོ་ཆེ་དང་ཆུ་བོ་རྣམས། །རེས་མོས་ཚུལ་གྱིས་གྲོགས་སུ་འགྱུར། །

རྗེ་བོ་ངན་དང་གཡོག་ངན་པ། །གཉིས་ཀས་གཉིས་ཀ་རྒུད་བྱེད་དེ། །

རྫ་གསར་ནང་དུ་ཆུ་བླུགས་ན། །གཉིས་ཀ་ཆུད་ཟོས་བརླག་པར་འགྱུར། །

ཤེས་རློམ་དབང་ཅན་མང་བ་ཡིས། །ཡུལ་ཁམས་མདུན་གྲོས་འཇིག་འགྱུར་ཏེ། །

གཡས་གཡོན་ཀུན་ནས་ཆུ་འབུར་བའི། །ས་ལ་མཁར་ཁྱིམ་བརྟན་མི་སྲིད། །

རྗེ་འབངས་མཐུན་ན་དགྲ་སྡེ་ཡིས། །ཐུབ་དཀའ་སོ་སོར་གྱེས་ན་མིན། །

རྟ་ཡིས་བརྒལ་དཀའི་ཆུ་བོ་ཡང་། །མང་དུ་གྱེས་ན་ལུག་ཀྱང་བགྲོད། །

ཆོས་ལྡན་རྒྱལ་པོས་ཁྲལ་བསྡུས་ཀྱང་། །དེ་ཉིད་ཀྱིས་ནི་འབངས་རྣམས་སྐྱོང་། །

སྤྲིན་ཆེན་རྒྱ་མཚོའི་ཆུ་དྲངས་ཏེ། །དལ་གྱིས་འབེབས་པས་འཛིན་མ་སྐྱོང་། །

རྒྱལ་ངན་འབངས་ཀྱི་ཟས་ནོར་ཀུན། །ཕྲོགས་ཀྱང་ད་དུང་ལྟོགས་ཤིང་བཀྲེན། །

རྒོད་མ་ཁ་ཡིས་རྒྱ་མཚོའི་ཆུ། །འཐུང་གིན་རྟག་ཏུ་འབར་དང་མཚུངས། །

གཙོ་བོ་ངན་པ་རྟག་བཀུར་ཡང་། །གསུག་དང་བྲལ་བ་ཙམ་གྱིས་སྡང་། །

ཆུ་བོ་ཉིན་ཞག་མང་བསྐོལ་ཀྱང་། །མེ་དང་བྲལ་བའི་མོད་ལ་གྲང་།

ཁེངས་དྲེགས་གདུག་རྩུབ་ཆེ་བ་ཡི། །དཔོན་ལ་སུ་ཡང་བརྟེན་མི་སྤྲོ། །

ཤིན་ཏུ་འཁྲུགས་པའི་རྦ་ཀློང་དུ། །ཉ་ལ་སོགས་ཀྱང་སྡོད་མི་བྱེད། །

བརྩེ་ཞིང་ཕན་གདགས་ནུས་པ་དེར། །སྐྱེ་བོ་ཐམས་ཅད་ངང་གིས་འདུ། །

ཡིད་བཞིན་གྱི་ནི་རྒྱ་མཚོའི་ངོགས། །འགྲོ་བ་ཀུན་གྱིས་བརྟེན་པར་བྱེད། །

ཆེ་མཐོ་བརྟེན་པས་དཔལ་ཐོབ་ཀྱང་། །དེ་ལས་ལྷག་པའི་འཇིགས་པ་འབྱུང་། །

རྒྱ་མཚོ་རིན་ཆེན་འབྱུང་གནས་དེ། །གདུག་ཅན་ན་ཀྲའི་གྲོང་ཡང་ཡིན། །

རྒྱུས་མེད་མི་ལ་གསར་འགྲོགས་ཀྱིས། །ཡིད་བརྟན་བྱེད་པ་ཉམས་པའི་རྒྱུ། །

རྒྱལ་སྲས་ངང་པའི་སྡེ་དཔོན་ཡང་། །མཚོ་གསར་བརྟེན་པས་རྙི་ཡིས་ཟིན། །

རྣ་བ་སྲབ་པའི་མཛའ་གཅུགས་དེ། །རིང་མིན་དབྱེན་གྱིས་སོ་སོར་གཏོང་། །

ཆུ་དང་འོ་མ་རོ་གཅིག་ཏུ། །འདྲེས་པ་ངང་པའི་མཆུ་ཡིས་འབྱེད། །

མཁས་པས་བདེན་བརྫུན་བརྟགས་ནས་བྱེད། །བླུན་པོ་གྲགས་པའི་རྗེས་སུ་རྒྱུག །

ཆུ་ནང་ཅལ་གྱི་སྒྲ་བསྒྲགས་པས། །གཅན་གཟན་རི་དྭགས་ཕལ་ཆེར་བྲོས། །

འགྲོགས་ན་ལེགས་སྤྱོད་འཕེལ་འགྲིབ་ལས། །དགེ་དང་སྡིག་པའི་གྲོགས་འགྱུར་ཏེ། །

དྭངས་བསིལ་འདྲ་ཡང་ཕན་གནོད་ལས། །སྨན་གྱི་ཆུ་དང་དུག་ཆུར་འཇོག །

སྡིག་གྲོགས་གཡེམ་མའི་འཛུམ་དཀར་ལས། །ཤ་ཚའི་གདུག་རྩུབ་ཁྲོ་གཉེར་བཟང་། །

ཐན་ཁྱེར་སྤྲིན་གྱི་མདོག་དཀར་ཡང་། །ཆུ་ལྡན་སྤྲིན་ནག་ཞིང་པའི་གསོས། །

བློ་ལྡན་རང་བཞིན་བཟང་པོ་དེ། །མཆོག་དམན་བར་མ་ཀུན་གྱིས་བསྟེན། །

འཇུག་ངོགས་བདེ་བའི་རྫིང་བུ་ལ། །སྐྱེ་བོ་ཐམས་ཅད་དགའ་བཞིན་འཇུག །

ཁེངས་དྲེགས་སྤྱོད་པ་རྩིང་བ་ལ། །དོན་མེད་རྣམས་ཀྱང་དགྲ་རུ་སྡང་། །

རྒྱགས་ཤིང་འཕྱར་བའི་གངྒཱ་མ། །ཛ་ཧཱུ་ཁྲོས་པས་ཧུབ་ཀྱིས་བཏུངས། །

ཉམ་ཆུང་སྟེང་དུ་དཔའ་ཐལ་ན། །ཉམ་ངའི་གཡང་དུ་ལྷུང་འགྱུར་ཏེ། །

ཆུ་ལ་རྐྱལ་གྱིས་དྲེགས་པའི་ཉ། །སྐམ་ལ་ཡར་ན་འཆི་བར་འགྱུར། །

རིགས་ངན་ཅུང་ཟད་འབྱོར་ན་ཡང་། །རྒྱལ་པོ་ལྟ་བུའི་ཁེངས་དྲེགས་འཛིན། །

གཅོང་རོང་དོག་མོའི་ཆུ་ཕྲན་དེ། །འུར་སྒྲ་རྒྱ་མཚོའི་རྦ་ཀློང་འདྲ། །

ཡངས་པའི་རྒྱལ་ཁམས་མ་མཐོང་བ། །ས་མཐའི་བློན་པོ་རང་མཐོང་ཆེ། །

ཁྲོན་པའི་ཆུ་ལ་འགྱིངས་པ་ཡི། །རུས་སྦལ་རྒྱ་མཚོའི་གཏམ་གྱིས་ཤི་། །

ཐ་ཤལ་རྣམས་ནི་མགུ་སླ་ཞིང་། །མགུ་བའི་མོད་ལ་ཁྲེལ་ཡང་སླ། །

ཕུ་ཐག་ཐུང་བའི་ཆུ་ཕྲན་དེ། །བྲུབས་དང་བྲི་བ་ཡུད་ཙམ་ཡིན། །

མ་རབས་གཅེས་པར་བསྐྱངས་ན་ཡང་། །དྲིན་དུ་མི་ཚོར་འཁྲུག་པར་བྱེད། །

བསིལ་བའི་ཆུ་ཡིས་བྲན་ན་ཡང་། །རྡོ་ཞུན་ལྷག་པར་ཁོལ་ཞིང་ཚ། །

དམ་པ་རྣམས་ལ་གནོད་བྱས་ཀྱང་། །ཁྲོ་མེད་བཟོད་པས་བདེ་བར་གནས། །

བཙོ་ཡི་སྔགས་ཀྱིས་བཏབ་པའི་ཆུ། །ཁོལ་བཞིན་པ་ཡིས་བྲན་ཀྱང་བསིལ། །

ཁྲེལ་མེད་རྣམས་ལ་ཕན་བཏགས་ཀྱང་། །བྱ་བ་ཟིན་ན་བརྗེད་པར་འགྱུར། །

ཆུ་བོའི་ཕ་རོལ་བརྒལ་བ་ན། །གྲུ་གཟིངས་ལྟོས་པ་མེད་པར་འདོར། །

མི་ངན་རེ་རེའི་བྱེད་པས་ཀྱང་། །ཡུལ་ཁམས་ཆེན་པོ་ཕུང་བར་བྱེད། །

དྲང་སྲོང་གདུག་པ་མཆོངས་པ་ཡིས། །སི་ཏ་ཚལ་བརྒྱར་གྱེས་ཞེས་གྲགས་། །

དམུ་རྒོད་སྐྱེ་བོས་སུན་ཕྱུང་རྣམས། །དམ་པ་ལ་ཡང་ཡིད་མི་ཆེས། །

ཆུ་ཟླས་བསླུས་བྱས་ངང་པ་ཡིས། །ཉིན་མོའང་པད་རྩ་ཟ་མི་བྱེད་། །

སྐྱེ་བོ་ངན་པ་བཅོས་ན་ཡང་། །རྐྱེན་དང་འཕྲད་ཚེ་རང་མཚང་སྟོན། །

ཆུ་ཀླུང་འོལ་ཁ་བསྒྱུར་བ་དེ། །བྲུབས་ཚེ་སྔར་གྱི་ལམ་དུ་འགྲོ། །

དམ་པ་མཐོ་དམན་འབྱོར་རྒུད་སོགས། །ཅིས་ཀྱང་རང་བཞིན་མི་འགྱུར་ཏེ། །

ཆུ་བོ་བསིལ་ལམ་ཚ་ན་ཡང་། །རླན་གྱི་རང་བཞིན་ག་ལ་འདོར། །

མི་བསྲུན་སྐྱེ་བོ་གདམས་པ་ལས། །ནན་ཏུར་ལས་ཀྱིས་གདུལ་བར་སླ། །

གོས་ཀྱི་དྲི་མ་འཁྲུད་པ་ལ། །གཙང་མའི་ཆུ་ལས་འགྱུར་བྱེད་བཟང་།

ལུས་ཅན་ནང་གི་སྐྱོན་ཡོན་རྣམས། །ཕྱི་རོལ་སྤྱོད་པས་མཚོན་ནུས་ཏེ། །

ཆུ་སྐྱར་ལྡིང་བས་ཆུ་བོ་དང་། །དུ་བ་ལས་ནི་མེར་ཤེས་བཞིན། །

གཞན་གྱི་སྐྱོན་ཡོན་མཐོང་སླ་ཡང་། །རང་གི་སྤྱོད་ཚུལ་མཐོང་བར་དཀའ། །

མཚོ་ནང་ནམ་མཁའི་ཟླ་སྐར་ཀུན། །གསལ་ཡང་རང་གི་གཏིང་མི་མཐོང་། །

བསམ་ངན་གཡོ་སྒྱུའི་བྱ་བ་ནི། །ལམ་རྒྱུག་འདྲ་ཡང་ཕུགས་སུ་ཕུང་། །

ཆུ་ཀླུང་གྱ་གྱུར་བགྲོད་པ་ཡང་། །བབས་ཀྱིས་ཐུར་ནས་ཐུར་དུ་འགྲོ། །

རིགས་རྒྱུད་ཟད་འདོད་བུ་ངན་སྐྱེ། །བསོད་ནམས་ཟད་འདོད་བསམ་ངན་འཆར། །

རང་ཉིད་བརླག་འདོད་རིག་པ་རྒོད། །ཆུ་མིག་སྐམ་འདོད་སྙིགས་མ་མང་། །