༄༅།། ལམ་ནོར་གཞོན་ནུ།

/down/flv/zangwen/20131102.flv
མཁན་པོ་བསོད་ནམས་དར་རྒྱས་མཆོག་གིས་བོད་ཀྱི་ན་གཞོན་ཚོ་ལ་དམིགས་པའི་ལམ་སྟོན་སྐོར་༼ལམ་ནོར་གཞོན་ནུ་༽སློབ་ཁྲིད་གནང་བ།

ཕྱི་ལོ་༢༠༡༣ལོའི་བོད་ཟླ་༨ཕྱི་མའི་ཚེས་༡༧གྱི་དགུང་མོར་མཁན་ཆེན་བསོད་ནམས་དར་རྒྱས་ཀྱིས་དྲྭ་ལམ་བརྒྱུད་དེ་གསུང་བཤད་གནང་དོན།
དེ་རིང་འདིར་ངས་སྤྱིར་ཡིན་ན་དྲྭ་ལམ་ནས་སློབ་གྲྭ་པ་རྣམས་ལ་སྐད་ཆ་ཉུང་བསྡུས་ཤིག་བཤད་རྩིས་ཡིན་ཡང་། དེ་རིང་འདིར་དངོས་སུ་དགེ་འདུན་པ་མང་ཙམ་ཞིག་བྱོན་འདུག དེ་བས་ངས་འདིར་སྐད་ཆའི་སྙིང་དོན་ལ་དགེ་འདུན་པ་རྣམ་པས་བླང་བྱ་དང་ལྡན་པ་ཞིག་མེད་པར་མ་ཟད་ང་རང་ངོས་ནས་ཡིན་ན་ཡང་སྐད་ཆ་བཤད་སྤོབས་མེད་པ་ཞིག་རེད་འདུག ཁྱེད་རྣམ་པར་མཚོན་ན་གཞུང་བཀའ་པོད་ལྔ་སོགས་ལ་སློབ་སྦྱོང་རྒྱ་ཆེན་བྱེད་ཀྱིན་ཡོད་རེད། དེ་བས་འདིར་ཁྱེད་རྣམ་པར་བླང་བྱ་གང་ཡང་ཡོད་མ་རེད། རེད་དེ་དྲྭ་ཐོག་ཏུ་སློབ་མ་མང་ཙམ་ཞིག་ཕེབས་འདུག ཁྱེད་རྣམ་པར་ངས་བསམ་ཚུལ་ཚིག་ཁ་གཅིག་གཉིས་ཞིག་ཞུ་རྒྱུ་ཡོད་གི

༼ ༡ ༽ དེ་དང་པོ་ཡིན་ན། ཁ་སང་དེ་རིང་དུས་རབས་འདིའི་འཁྱོགས་མཚམས་འདིར་དུས་རབས་དང་མཐུན་པའི་སྐད་ཆ། དུས་རབས་དང་མཐུན་པའི་བསམ་བློ། དུས་རབས་དང་མཐུན་པའི་བྱ་བ་ཞིག་སྒྲུབ་རྒྱུ་གལ་ཆེན་རེད། རེད་དེ་ང་ཚོས་སྲོལ་རྒྱུན་གྱི་རིག་གནས་འདི་ཧ་ཅང་གཙིག་ཆེན་བྱ་དགོས་རེད། ད་དུང་ཁ་སང་དེ་རིང་གི་སློབ་མ་རྣམ་པར་མཚོན་ན་ཉིན་མོར་ཇ་ཁང་དང་དྲྭ་ཁང་དག་ནས་དུས་ཚོད་ཟད་པ་དང་། མཚན་མོ་ཡིན་ན་ཆང་ཁང་དང་གླུ་གར་ཁང་སོགས་ནས་དུས་ཚོད་བཏངས་ཏེ། ང་ཚོའི་སྲོལ་རྒྱུན་གྱི་ཆོས་དང་རིག་གནས་འདི་ལ་སྦྱོང་བ་གང་ཡང་བྱེད་ནུས་མེད་པ་ལྟ་བུ་རེད། དེ་ཧ་ཅང་སེམས་སྐྱོ་པོ་རེད། དེ་དང་རིགས་མཚུངས་ཞིག་ལ། རྒྱ་ནང་གི་གྲོང་ཁྱེར་ཆེ་ཁག་དང་སློབ་གྲྭ་ཆེ་ཁག་ནས་རིག་གནས་མི་དམན་པ་སྦྱོང་བཞིན་པ་དག་གིས། རང་སྐད་དང་རང་རིགས་ཀྱི་རིག་གནས་སྤུས་ལེགས་འདི་རྒྱང་དུ་དོར་ཏེ། ནུབ་ཕྱོགས་ཀྱི་གད་སྙིགས་རིག་པ་འདི་ཚོ་སྒུམ་གྱིན་ཡོད་པ་རེད། དེ་ཡང་དངོས་གནས་ཡིད་སྐྱོ་པོ་རེད། ད་དུང་ཁ་སང་དེ་རིང་སློབ་མ་མང་ཙམ་ཞིག་དྲྭ་ལམ་སྣ་ཚོགས་སུ་ཞུགས་ཀྱིན་ཡོད་པ་རེད་དེ་དེས་བོད་ཀྱི་རིག་གནས་ལ་ཕན་ཐོག་ཡོང་གི་ཡོད་པ་ཧ་ཅང་དཀོན་མོ་ཆགས་འདུག ང་རང་ངོས་ནས་ཡིན་ན་ཡང་ད་རེས་དྲྭ་ཐོག་ནས་ཁྱེད་རྣམ་པར་ཁ་བརྡ་བྱེད་པ་ཐེངས་དང་པོ་རེད། མུ་མཐུད་ནས་ཀྱང་ཟླ་རེར་ཐེངས་གཉིས་ཙམ་རེར་དྲྭ་ལམ་ནས་བགྲོ་གླེང་ངམ་བསམ་བློ་བརྗེ་རེས་བྱ་ཨེ་ཐུབ་སྙམ་གྱིན་ཡོད། དེ་བཞིན་ད་བར་འཛམ་གླིང་ཤར་ནུབ་གང་དུ་ཡིན་ཡང་དྲྭ་ལམ་འདིར་ཞུགས་མཁན་མང་པོ་རེད་དེ། ཕལ་ཆེ་བས་གཅིག་གིས་གཅིག་ལ་དགག་རྒྱག་དང་འཕྱ་སྨོད་བྱེད་ས་ཙམ་ལས་དོན་དག་ཆེན་པོ་ཐོན་གྱི་ཡོད་པ་མ་རེད། ད་སྐབས་འཛམ་གླིང་འདིར་དྲྭ་ཞུགས་
བྱེད་བཞིན་པའི་མི་དུང་ཕྱུར་ཉེར་བདུན་ཙམ་ལ་ལོངས་ཡོད་པ་དང་། དེ་བཞིན་འཁྱེར་འཕྲིན་སོགས་ལྟ་བུར་ཐོ་འགོད་པའི་མིར་མཚོན་ན་དུང་ཕྱུར་དྲུག་ཅུ་རེ་བརྒྱད་ཙམ་ལ་ལོངས་ཡོད་པ་རེད། དེས་ན་དྲྭ་ལམ་དང་འབྲེལ་མེད་ཀྱི་རིག་གནས་དེ་གང་འདྲ་ཞིག་བཟང་ཡང་ཡུན་རིང་དུ་གནས་ཐུབ་པ་མ་རེད་ཅེས་བཤད་ཀྱིན་ཡོད་རེད། དེས་ན་དུས་རབས་འདི་དང་ལག་སྦྲེལ་ནས་མདུན་སྐྱོད་དགོས་ན་ངེས་པར་དྲྭ་བ་འདི་ཡང་ཧ་ཅང་གལ་ཆེན་རེད། ད་བར་སྤྱིར་བཤད་སྟངས་ཤིག་ལ་ས་གནས་སོ་སོ་དང་གནས་སྐབས་སོ་སོ་གང་ཞིག་ན་ཡིན་ཡང་དྲྭ་བ་འདི་མཉམ་དུ་རིག་གནས་སྦྱོང་རྒྱུ་དང་བསམ་བློ་བརྗེ་རེས་བྱེད་པའི་མཐུན་རྐྱེན་ལེགས་པོ་ཞིག་རེད་ཅེས་བཤད་ཀྱིན་ཡོད་རེད།དེ་བཞིན་ད་བར་མཁན་པོ་ཉེར་ལྔ་ཙམ་གྱི་ཆོས་ཁྲིད་མང་ཙམ་ཞིག་༼ཤེས་རབ་བྱམས་བརྩེའི་༽དྲྭ་ཚིགས་སྟེང་དུ་བཞག་ཡོད་རེད། དེ་ཡིན་ན་འདི་དག་ས་གནས་གང་དང་གང་ན་ཡིན་ཡང་ཐད་གར་ཉན་ཐུབ་གི་ཡོད་རེད།དེའི་ཕྱིར་ན་དྲྭ་ཐོག་ན་སློབ་སྦྱོང་ཡག་པོ་བྱེད་པ་དང་དྲྭ་བ་དང་འབྲེལ་ཏེ་བོད་ཀྱི་རིག་གནས་སྤེལ་རྒྱུ་དེ་ངའི་རེ་བ་དང་པོ་ཡིན།

༼ ༢ ༽
གཉིས་པ་ཡིན་ན། དེང་སང་གྲྭ་བ་མ་ཡིན་པའི་བོད་ཀྱི་ལོ་ཉུང་རྣམས་ཆོས་ཡག་པོ་ཞིག་ཤེས་བཞིན་མེད་ཀི་དེ་ཡག་པོ་མ་རེད། ཉེ་ཆར་གཞུང་ཞབས་པ་མང་པོས་ད་ལྟ་ཆོས་སྒྲུབ་པའི་ཁོམ་པ་མེད་ཀྱང་ལས་ཀ་ངལ་གསོས་རྗེས་ཆོས་སྒྲུབ་རྒྱུ་ཡིན་ཟེར་གྱིན་ཡོད་རེད། རེད་དེ་རྒས་ཚེ་བྱ་བ་གང་ཞིག་ཡིན་ཡང་སྒྲུབ་ཐུབ་རྒྱུ་མ་རེད། ཧོན་ལོག་སྟེ་རང་ཉིད་ཕོ་ཡིན་ཟེར་ན་ཕོ་གོ་མི་ཆོད་ཅིང་མོ་ཡིན་ཟེར་ན་མོ་གོ་མི་ཆོད་པ་ཞིག་ཏུ་གྱུར་འགྲོ་རེད། དེ་ཡིན་ན་ཆོས་དེ་དེ་དུས་འགྲུབ་ཧ་ཅང་དཀའ་མོ་རེད། ཆོས་དེ་ལོ་ཉུང་ཡིན་དུས་ནས་སྒྲུབ་རྒྱུ་ཞིག་རེད། དེས་ན་རྣམ་པ་ཚོས་བཀའ་གདམས་གོང་མས། མཛེས་མའི་མགོ་རུ་མེ་ཤོར་བ་དང་། རྡར་མའི་པང་དུ་སྦྲུལ་ཞུགས་པ་བཞིན་དུ་ཆོས་སྒྲུབ་དགོས་ཞེས་གསུངས་པ་ལྟར། ཆོས་ལ་དད་པའི་སློབ་མ་རྣམ་པས་ཆོས་འདི་སྒྲུབ་རྒྱུ་ངའི་རེ་བ་གཉིས་པ་དེ་ཡིན།

༼ ༣ ༽
གསུམ་པ་ཡིན་ན། རྒྱ་ནག་གི་གྲོང་ཁྱེར་སོ་སོ་ན་ཡོད་པའི་སློབ་མ་རྣམ་པས་མཐུན་སྒྲིལ་ཡག་པོ་ཡོང་གི་མེད་ཀི། དེའི་ཕྱིར་དཔེར་ན་ཡི་གུར་གྱི་སློབ་མ་རྣམས། གནས་གང་ན་ཡོད་ཀྱང་ལྷན་དུ་འདུས་ཏེ་ཡི་གུར་གྱི་སྐད་རིགས་སྦྱོང་བ་སོགས་མཐུན་སྒྲིལ་བྱེད་ཀྱིན་འདུག དེ་བཞིན་དུ་རྣམ་པ་ཚོས་ཀྱང་མཐུན་སྒྲིལ་བྱ་རོགས་ཞུ་རྒྱུ་དང་རང་ཉིད་གནས་གཞན་ནས་རིག་གནས་སྣ་ཚོགས་སྦྱངས་ཏེ། རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་དང་། འབྱོར་བ་ཆེ་སར་གནས་སྡོད་བྱ་བ་དང་། རང་ཉིད་རྐྱང་བའི་ཁ་སོས་རྒྱབ་ཁེབ་ཙམ་ལ་འབད་གྱིན་ཡོད་རེད། སྤྱིར་ཡིན་ན་དེ་སྒྲུབ་མི་ཆོག་ཟེར་བ་མིན་ཡང་། ང་ཚོ་བོད་ཡིན་པ་གཏན་ནས་བརྗེད་རུང་གི་མ་རེད། འདི་ལ་བསམ་བློ་ཞིབ་མོར་གཏོང་རོགས།
ད་དུང་ཉེ་ཆར་སྐྱ་བོ་ཞིག་གིས་འདི་ལྟར་བཤད་བྱུང་། ཁོས་བྱང་ཆུབ་སྤྱོད་འཇུག་ཆེན་མོར་སློབ་སྦྱོང་བྱས་པ་ཡིན། ཚེ་འདིར་སྤྱོད་འཇུག་ཙམ་མ་གཏོགས་ཆོས་གཞན་སྦྱོང་མྱོང་མེད་དེ། འདིས་ངའི་མི་ཚེར་སྔར་དང་མི་འདྲ་བའི་ཁ་ཕྱོགས་བཟང་པོ་ཞིག་རྙེད་སོང་ཟེར། དེས་ན་གཞན་ལ་ཕན་པ་སྒྲུབ་འདོད་ན་སྤྱོད་འཇུག་ལྟ་བུ་ཆོས་ལ་སློབ་སྦྱོང་བྱེད་རོགས་ཞེས་རེ་བ་གསུམ་པ་ཡིན།
དེ་ནས་མཇུག་མཐར་སློབ་དཔོན་པདྨ་འབྱུང་གནས་འདི་སྙིགས་མའི་དུས་འདིར་ཧ་ཅང་ཐུགས་རྗེ་མྱུར་བ་རེད། དེས་ན་རྣམ་པས་སློབ་དཔོན་པདྨ་འབྱུང་གནས་ལ་གསོལ་བ་འདེབས་རྒྱུ་བྱ་བ་ཧ་ཅང་གལ་ཆེན་རེད།

༄༅།།དེ་ནས་དྲྭ་ལམ་བརྒྱུད་དེ་དྲི་བ་དྲིས་ལན་བྱ་རྒྱུ་ཡིན།
༡ དྲི་བ། ཆོས་ལུགས་འདི་ལ་སྦྱོང་བརྩོན་མི་བྱེད་པར། མི་སྐྱའི་ཁྲོད་ནས་ཆོས་ལུགས་འདི་ལ་དགག་པ་མང་ཙམ་ཞིག་གནང་གིན་འདུག དེ་ལ་ཆོས་འདིའི་ངོ་གདོང་ཡང་དག་པ་ཞིག་རྟོགས་པའི་ཐབས་ལམ་ཞིག་གསུང་རོགས།
ལན། སློབ་གྲྭ་བ་རྣམ་པར་མཚོན་ན་སྤྱི་ཚོགས་ཀྱི་རིག་གནས་ང་ཚོ་དང་མ་འདྲ་བར་ལེགས་པོ་ཤེས་རེད་དེ། འོན་ཀྱང་ཆོས་ལ་གྲྭ་བ་རྣམ་པ་ལྟ་བུའི་སློབ་སྦྱོང་སོང་ཡོད་མ་རེད།
དེས་ན་དགག་པ་གཏོང་དགོས་ན་དགོན་སྡེ་སོགས་ནས། ཡ་ལུས་ཏོ་ཐི་སོགས་ལྟ་བུའི་རྒྱུས་ལོན་ལེགས་པོ་བྱས་ཏེ་ད་གཟོད་དགག་པ་རྒྱག་དགོས་རེད། དེ་ནས་དགག་པ་འགྲོ་མི་འགྲོ་ཤེས་རྒྱུ་རེད།
༢ དྲི་བ། དང་པོ་དགོན་སྡེ་ན་ཚན་རིག་གི་ཤེས་བྱ་འདི་ཡར་རྒྱས་གཏོང་དགོས་ཨེ་རེད། དགོས་ན་དགོས་སྡེའི་བསླབ་དེབ་ན་དེ་ཁ་སྣོན་དགོས་ཨེ་རེད། གཉིས་པ་འཛམ་གླིང་ཕུལ་བྱུང་རང་བཞིན་གྱི་མི་ཞིག་སྐྱེད་སྲིང་དགོས་ན་ག་འདྲའི་ཐབས་ལམ་ཞིག་ལ་བརྟེན་དགོས་རེད།
ལན། དང་པོ་ཡིན་ན། སྤྱིར་དགོས་རེད་དེ། དགོན་པ་རང་རང་གི་མོས་མཐུན་ཡོད་མེད་དེ་ཁག་པོ་རེད། གཉིས་པ་ཡིན་ན་ནོ་པེར་གྱི་བྱ་དགའི་ཐོག་ནས་འདེམས་ཐོན་བྱུང་བ་བཞིན་ལྷག་བསམ་གྱི་ཐོག་ནས་བཞག་ན། ཡང་ན་ནང་པའི་ལྟ་སྒོམ་སྤྱོད་གསུམ་ཐོག་ནས་ཡིན་ན་ཡང་གྲྭ་བ་ཞིག་མཚོན་ན་འགྲིག་གི་རེད།
༣དྲི་བ། སློབ་མ་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་དེ་གང་རེད།
ལན། སློབ་མ་ཞེས་པ་འདི་ཚིག་སྒྲོམ་ཆེན་ཞིག་རེད་དེ། གཙོ་བོ་དེ་དགེ་རྒན་ལ་བརྩི་བཀུར་དང་སྦྱོང་བྱར་འབད་བརྩོན་བྱ་བ་དེ་རེད། དཔེར་ན་བླ་རུང་དུ་དཔེ་ཆ་སློབ་སྟངས་དང་། དེ་བཞིན་ཧ་ཧྥོ་སློབ་གྲྭའི་སློབ་མ་རྣམ་པར་མཚོན་ན་ཟ་མ་ཟ་ཞོར་ཡིན་ན་ཡང་
ཡི་གེ་ལ་བསྒྲིམས་ཏེ་བལྟ་བ་སོགས་ཀྱིས་ཡོངས་རྫོགས་ཀྱིས་སྦྱོང་བརྩོན་བྱས་ཏེ་འཛམ་གླིང་འདིར་ཨང་དང་པོའི་སློབ་གྲྭར་ཆགས་ཡོད་རེད། དེ་ལྟར་དགེ་རྒན་ལ་བརྩི་བཀུར་དང་སྦྱོང་བྱར་འབད་བརྩོན་འདི་གཉིས་རེད།
༤དྲི་བ། བླ་རུང་ཆོས་ཀྱི་གྲོང་ཁྱེར་ལྟ་བུར་མཚོན་ན་འཛམ་གླིང་འདིར་ཆེས་སྐད་གྲགས་ཆེ་བའི་ཆོས་གྲོང་ཞིག་རེད། དེ་ཡང་བླ་མ་ཡིད་བཞིན་ནོར་བུས་སྐུ་ཚེགས་ལ་བརྟེན་ནས་བྱུང་བ་རེད་ཟེར། དེས་ན་མ་འོངས་པ་ན་བླ་མ་ཚུལ་ཁྲིམས་བློ་གྲོས་དང་ཁྱེད་ལྟ་བུའི་མཁས་པ་འབྱུང་རྒྱུ་རེད་དམ། དེ་མིན་བླ་རུང་ནས་མ་འོངས་པར་དེ་ལྟའི་མཁས་པ་གསོ་སྐྱོང་ག་འདྲ་བྱེད་རྩིས་ཡོད།
ལན། དྲི་བ་གཉིས་པོ་ནང་དོན་འདྲ་པོ་ཆགས་འདུག དེས་ན་མཉམ་དུ་ལན་འདེབས་རྒྱུ་ཡིན། སྤྱི་ཚོགས་ན་བླ་རུང་འདི་ཆེས་སྐད་གྲགས་ཆེ་ཤོས་རེད་ཅེས་བཤད་གི་ཡོད་མེད་མི་ཤེས་ཏེ། བླ་མ་ཡིད་བཞིན་ནོར་བུའི་སློབ་གླིང་འདིར་སློབ་སྦྱོང་རྐྱང་བར་འབད་པས། དངོས་ཡོད་ལ་འདི་ན་ནང་བསྟན་རིག་གཞུང་གི་ཆེད་མཁས་པ་མང་ཙམ་ཞིག་ཡོད་རེད། དེས་ན་མུ་མཐུད་ནས་ཡིན་ན་ཡང་སློབ་སྦྱོང་རྐྱང་བར་འབད་རྒྱུར་བཀོད་སྒྲིག་བྱེད་ཀྱིན་ཡོད་རེད། མ་འོངས་པར་ཡང་འདི་ལྟ་བུའི་ཆེད་མཁས་པ་འབྱུང་རྒྱུ་རེད།

ཕབ་ལེན།