༄༅།། སོ་སོ་ཐར་པའི་མདོའི་འགྲེལ་པ་རིན་ཆེན་འབྱུང་གནས་ཞེས་བྱ་བ་ཀརྨ་པ་མི་བསྐྱོད་རྡོ་རྗེས་མཛད་པ་བཞུགས།

བཞི་པ་སོགས་བྱུང་ན་སྨད་པའི་ཆད་ལས་བྱད་དོ།།
སྤོ་བ་སྤྱོད་པའི་བར་ལ་རིགས་འདྲ་བྱུང་ན་མ་བཅབས་པ་དང་།ལྷག་མ་རིགས་མི་འདྲ་བ་བྱུང་ནའང་མ་བཅབས་ན་སྔ་མ་མི་འཇིག།བཅབས་ན་སྤོ་བ་བླངས་ནས་ལྷན་དུ་སྤྱོད།སྤོ་བ་སྤྱད་ཚར་རམ་མ་བཅབས་ན་མགུ་བ་སྦྱིན་པ་ནི་དགེ་འདུན་ལ་ཕྱག་བྱས།ཙོག་པུར་འདུགཐལ་མོ་སྦྱར།མགུ་བའི་དོན་དུ་ལན་གསུམ་གསོལ་བ་གདབ།དེ་ནས་ལས་བྱེད་པ་པོས་གསོལ་བཞིའི་ལས་ཀྱིས་མགུ་བ་སྦྱིན།མགུ་ལྡན་གྱི་བྱ་བ་ནི།སྤོ་སྤྱོད་ཀྱི་གོང་བསླབ་སྦྱིན་གྱི་མཇུག་ཏུ་སྡོང་།འདས་བྱུང་བརྗོད།མགུ་སྤྱོད་ནི་ཞག་དྲུག་པ་ཡིན་ལ།མགུ་བ་སྤྱོད་བཞིན་པ་ལ་རིགས་འདྲ་གཉིས་པ་བྱུང་ན་གཞི་ནས་མགུ་བ་བླངས།བཞི་པ་ལ་སྨད་པར་བྱ།རེ་ཞིག་འཐབ་བཀྲོལ་ཅན་སོགས་ཀྱིས་འཕྲོ་བཅད་དགོས་པའི་རྐྱེན་བྱུང་ན་རྐྱེན་གྲོལ་ནས་དེའི་འཕྲོ་བླངས་ལ་སྤྱད།མགུ་བ་སྤྱད་ནས་དབྱུང་བ་ཞུ་བ་ལ་དགེ་སློང་རང་བཞིན་གནས་པ་ཉི་ཤུ་ཡན་བཅད་ལ།དབྱུང་བའི་དོན་དུ་ལན་གསུམ་གསོལ་བ་གདབ།དེ་ནས་སྒྲུབ་བྱེད་ཀྱི་མདུན་དུ་རྩྭ་བཀྲམ་པ་ལྟ་བུར་ཁ་སྦུབ་ཏུ་ཉལ་དུ་བཅུག་སྟེ།ལས་བྱེད་པོས་གསོལ་བཞིའི་ལས་༼༦༡བ༽ཀྱིས་དགེ་འདུན་གྱི་དབུས་སུ་དབྱུང་བར་བྱའོ།།
སྤྱིར་མཐོལ་བཤགས་ལ་མཐོལ་བ་སྔོན་དུ་སོང་ནས་བཤགས་པ་རྗེས་སུ་བྱེད་པ་དང་།མཐོལ་བཤགས་ལྷན་ཅིག་ཏུ་བྱེད་པ་ཡང་ཡོད་དོ།།
དེ་ལ་ཕམ་པའི་སྦོམ་པོ་ལྕི་བ་བཤགས་ཡུལ་ནི་དགེ་སློང་དྲུག་ཡན་ཆད་ཀྱི་དྲུང་དང་།ཡང་བ་ནི་བཞི་ཡན་ཆད་ཀྱི་དྲུང་དུའོ།།
ལྷག་མའི་སྦོམ་པོ་ལྕི་བ་ནི་ལྔ་ཡན་ཆད་ཀྱི་གན་དང་།ཡང་བ་ནི་དགེ་སློང་ཆོས་དྲུག་ལྡན་ཏེ།དགེ་སློང་གི་སྡོམ་པ་དང་ལྡན་པ།ལྟ་བ་དང་མཚན་མཐུན་པ།ཤེས་པ་རང་བཞིན་དུ་གནས་པ།སྨྲ་ཤེས་ཤིང་དོན་གོ་བ།ལྟུང་བ་མི་མཐུན་པ་སྟེ་བཤགས་ཡུལ་ཆོས་དྲུག་ལྡན་ལ་བཤགས་པ་པོ་ཡང་འགྱོད་སེམས་དང་སྡོམ་སེམས་ཀྱི་སྒོ་ནས་ཏེ།དེ་ཡང་གང་ཟག་ཁྱད་པར་ཅན་མདོ་སྡེ་དང་འདུལ་བ་དང་མ་མོ་འཛིན་པ་ལྟ་བུའོ།།
དགེ་འདུན་གྱི་གནས་བརྟན་ཏེ་དགེ་འདུན་འཁྲུགས་ལང་གི་རྐྱེན་དུ་འགྱུར་བའི་གང་ཟག་ཁྱད་པར་ཅན་ལ་ཕམ་ལྷག་གི་སྦོམ་པོ་དང་།ལྷག་མ་དངོས་ལྟ་བུ་ལ་ཡང་ཆད་ལས་ཀྱིས་མི་བཤགས་པར་དགེ་སློང་ཆོས་དྲུག་ལྡན་ཞིག་གི་དྲུང་དུ་མཐོལ་བཤགས་ཙམ་གྱིས་འགྲུབ་པས་གསུངས་ལ།སྤང་ལྟུང་བཤགས་པ་ལ་ནི་བླ་གབ་ཐ་དད་ན་གནས་པའི་དགེ་སློང་རྫས་མི་གཅིག་པ།ལྟ་བ་དང་མཚན་མཐུན་པ་ལ།འཆང་བའི་སྤང་ལྟུང་བཤགས་པ་ནི།རིགས་མཐུན་རིགས་མི་མཐུན་གྱི་ཡོ་བྱད་ཞག་གཅིག་ཙམ་སྤངས་ཏེ་བཤགས་པའོ།།
རིན་པོ་ཆེ་དང་མངོན་མཚན་ཅན་དང་།ཉོ་ཚོང་གི་རྫས་མ་རྫོགས་པ་ལ་སྦྱིན་པའོ།།
བྱིན་འཕྲོག་འཕྲོག་ཡུལ་ཉིད་ལ་སྤངས་པ་སྟེ་གསོག་འཇོག་ནད་པ་དང་༼༦༢ན༽མ་རྫོགས་པ་ལ་སྤངས་ཏེ་བཤགས་པའོ།།
ལྟུང་བྱེད་སོར་བཤགས་ཉེས་བྱས་ཀྱི་སྡེ་ཚན་རྣམས་ནི་ཚིག།ཙམ་གྱི་བཤགས་པས་གྲུབ་ལ།བསླབ་བྱའི་ཉེས་བྱས་ཀྱི་ལྟུང་བ་བཤགས་པ་ཡང་ལུས་ངག་གི་རྣམ་འགྱུར་དུ་ཐོན་ནས་ལུས་ངག་གི་བཤགས་བྱ་དང་།ཡིད་ཙམ་གྱི་ཡིན་ན་སྡོམ་བྱའི་བཤགས་བྱའོ།།
དགེ་ཚུལ་གྱི་སྡོམ་པ་བཤགས་པ་ནི།ཕམ་པ་ལ་ཕྱིར་བཅོས་མ་གསུངས་ལ།དེའི་ཉེས་པ་ལ་སྡིག་པ་ཕྱིར་བཤགས་པ་ཙམ་གནང་ཡང་གཏན་སོར་ཆུད་པར་མི་འགྱུར་ལ།དགེ་ཚུལ་གྱི་བསླབ་པ་དང་འགལ་ཞིང་ཆང་འཐུང་བ།གར་ཕྲེང་སོགས་མཐོལ་ཞིང་བཤགས་པ་ནི་མཁན་སློབ་བམ་གནས་བརྟན་ནམ།དགེ་འདུན་གྱི་དྲུང་དུ་ཙོག་པུར་ཐལ་མོ་སྦྱར་ནས་དགོངས་གསོལ་བྱས་ཏེ།མཐོལ་བཤགས་ཀྱི་སྔགས་ཚིག་ལན་གསུམ་དུ་བརྗོད།མཐོང་སྡོམ་དང་ཐབས་ལེགས་བྱའོ།།
དགེ་སློང་གི་ཁྲིམས་ཉིས་བརྒྱ་དང་ལྔ་བཅུ་རྩ་གསུམ་ལས་དགེ་ཚུལ་ལ་གནང་བ་ནི་ཉི་ཤུ་རྩ་གཉིས་ཏེ།བྱེ་བཤད་ལས།འཆང་བ་དང་ནི་འབྲལ་བ་དང་།།
དེ་བཞིན་ས་ནི་བརྐོ་བ་དང་།།
རིན་ཆེན་རེག་དང་མེ་ལ་རེག།སྤངས་ནས་ཟ་བར་བྱེད་པ་དང་།།
ལྗོན་ཤིང་འཛེགས་དང་ཤིང་གཅོད་དང་།།
བྱིན་ལེན་མ་བྱས་ཟ་བ་དང་།།
རྩ་སྔོན་མི་གཙང་འདོར་བ་དང་།།
དེ་བཞིན་གསོག་འཇོག་ཟ་བ་དང་།།
ས་བོན་འཇོམས་དང་ཟླ་འཇོག་དང་།།
དགོན་པའི་འབྲལ་དང་གསོག་འཇོག་བྱེད།།
མི་སྨྲ་འགྲོ་དང་དགེ་ཚུལ་ཉལ།།
ཆོས་གོས་ཉི་མ་དང་པོ་ལ།།
བྱིན་གྱིས་མ་བརླབས་ཟླ་ཕྱེད་ཅིང་།།
བྱིན་གྱིས་བརླབས་པ་མ་རྫོགས་པ།༼༦༢བ༽རྫོགས་པར་མི་བྱེད་རྗེན་པ་འཚེད།།
དེ་ལས་གཞན་པའི་བསླབ་བྱ་ལས།།
འགལ་བ་བསླབ་བྱ་ཉེས་བྱས་སོ།།
ཞེས་སོ།།
གསུམ་པ་གནས་ལམ་གྱི་གཞི་ལ་ཕྱག་བྱ་བ་དང་མི་བྱ་བའི་ཚུལ།གཙུག་ལག་ཁང་བརྩིགས་པའི་ཆོ་ག་བརྩིགས་ནས་རི་མོ་བྲི་ཚུལ།སྦ་བ་དང་ཡོངས་སུ་བསྐྱང་བའི་ཚུལ་རྣམས་ཏེ་རྟོགས་པར་སླ་བས་རྒྱས་པར་མ་སྤྲོས་སོ།།
གཉིས་པ་རྩོད་པ་ཞི་བྱེད་ལ།མདོར་སྒྲོ་སྐུར་སྤང་བའི་དོན་དུ།སྡོམ་ལ།མངོན་སུམ་དྲན་པ་མ་སྨྱོས་དང་།།
དེ་བཞིན་གང་མང་ངོ་བོ་ཉིད།།
རྩྭ་རྣམས་བཀྲམ་པ་ལྟ་བུ་དང་།།
ཁས་བླང་བར་ཡང་བྱ་བའོ།།
ཞེས་སོ།།
ལུང་འབོགས་པའི་དོན་དུ་ནི།ཚེ་དང་ལྡན་པ་དག་ཅེས་སོ།།
དངོས་ཀྱི་ཚིག་དོན་ནི་གོ་བར་གསལ་ལ།འདོན་པ་མཇུག་བསྡུ་བ་ནི།།
ཚེ་དང་ལྡན་པ་དག་ཅེས་ཏེ་རྣམ་གཞག་བསྒྲགས་པ་ནི།དེ་ལ་ཞེས་སོགས་ཏེ།རྩོད་པ་ཕྱིར་བཅོས་དེ་ཉིད་ཅུང་ཟད་བཤད་ན།ལས་ཀྱི་རྩོད་པ་ཞི་བྱེད་དང་།འཁོར་ལོའི་རྩོད་པ་ཞི་བྱེད་དང་།དེ་ལས་གཞན་པའི་རྩོད་པ་ཞི་བྱེད་དོ།།
དང་པོ་ལས་ཀྱི་རྩོད་པ།དབྱེན་གྱི་ལྷག་མའི་སྐབས་སུ་བཤད་ལ།དེ་ཉིད་ཞི་བྱེད་ལ།རྒྱུ་སྤོང་བ་ནི།དགེ་འདུན་དབྱེ་ནུས་པའི་དགེ་སློང་ལ་ལྟུང་བ་མི་གླེང་།ནན་ཏུར་དང་།སྒོ་གྱུར་དང་།ངན་པའི་གྲངས་སུ་མི་གཞུག།དེས་ཚུར་ལྟུང་བ་གླེང་ན་རང་ལ་ལྟུང་བ་མེད་ཀྱང་མི་བཟློག་གཉེན་པོ་བསྟེན་པ་ནི།དགེ་སྦྱོང་གི་ཆོས་བཞི་ལ་བརྟེན་ནས་རང་ལྟ་ལ་མཆོག་འཛིན་དང་།གཞན་ལྟ་ལ་སྡང་བ་སྤངས།ཞི་བྱེད་དངོས་ནི།༼༦༣ན༽དགེ་འདུན་གྱི་གསོལ་བཞིའི་ལས་ཀྱིས་བཟོད་པ་སྦྱིན་ནས།དེ་ནས་དགེ་འདུན་ལ་མཐུན་པ་སྦྱིན་པར་གསོལ་བ་བཏབ་སྟེ།དགེ་འདུན་གྱིས་གསོལ་བཞིའི་ལས་ཀྱིས་མཐུན་པ་བྱིན།དེ་ནས་དགེ་འདུན་མཐུན་པའི་གསོ་སྦྱོང་སྦྱིན་པར་གསོལ་བ་བཏབ་སྟེ།དགེ་འདུན་གསོལ་བཞིའི་ལས་ཀྱིས་མཐུན་པའི་གསོ་སྦྱོང་བྱས་ཏེ་དགེ་འདུན་རྣམས་ཐུགས་དབྱེར་མེད་དུ་བྱེད་པའོ།།
གཉིས་པ་འཁོར་ལོའི་དབྱེན་གྱི་རྩོད་པ་དང་ཞི་བྱེད་ནི།གོང་དུ་ལྷག་མའི་དབྱེན་གྱི་སྐབས་སུ་དོན་གྱིས་ཤེས་པར་འགྱུར་རོ།།
གསུམ་པ་དེ་ལས་གཞན་པའི་རྩོད་པ་ཞེས་པ་ནི་སྐབས་འདི་ཉིད་ཀྱི་བཤད་བྱ་དངོས་ཏེ།དེ་ལ་རྩོད་པ་དང་ཞི་བྱེད་གཉིས་ལས།རྩོད་པའི་རྒྱུ་ནི་ནང་ན་ཡོད་པ་ནི་བདག་འཛིན་དང་ཉོན་མོངས་པ།ཕྱི་རོལ་ན་ཡད་པ་ནི།དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་སྒྲུབ་པ།གདམས་ངག་སྤོང་བ།ལྟུང་བ་དང་བཅས་པ།ལས་ལ་མི་མཐུན་པ་དང་བཞིའོ།།
རྩོད་པའི་ངོ་བོ་ནི།ཕན་ཚུལ་མི་མཐུན་པར་སྨྲས་པའི་ཚིག་གི་རྗེས་སུ་སེམས་གཞོལ་བའི་སེམས་མཁོན་འཛིན་གྱི་བློ་དང་།བློ་དེས་ཀུན་ནས་བླངས་པའི་ལུས་ངག་གི་རིག་བྱེད་དོ།།
རྩོད་པ་ལ་དབྱེ་ན།ཕུང་པོ་ལ་བདག་ཡོད་མེད་ལྟ་བུ་རྩོད་ནས་ཚིག་འཁོན་འཛིན་དང་བཅས་པ་འགྱེད་ཕྱིར་གྱི་རྩོད་པ།ལྟུང་བ་གླེང་ནས་བཀའ་བློ་མི་བདེ་བ་ལ་གདམས་ངག་བཞག་པ་ལ་བརྟེན་ནས་ཚིག་རྩུབ་འཁོན་འཛིན་མི་བསྡམ་ཕྱིར་གྱི་རྩོད་པ།ལྟུང་བ་བྱུང་ནས་ཚིག་རྩུབ་འཁོན་འཛིན་ལྟུང་ཕྱིར་གྱི་རྩོད་པ།རྩོད་པ་དེ་གསུམ་གྱི་དབང་གིས་༼༦༣བ༽གསོ་སྦྱོང་སོགས་ལས་ལ་མཐུན་པ་མ་བྱིན་པ་ལ་བརྟེན་ཚིག་རྩུབ་འཁོན་འཛིན་དང་བཅས་པ་བྱ་ཕྱིར་གྱི་རྩོད་པའོ།།
གཉིས་པ་ཞི་བྱེད་ལ།རྩོད་པ་ངང་གིས་ཞི་བ་དང་།ཞི་བྱེད་ཀྱིས་ཞི་བ་གཉིས་ལས།དང་པོ་ནི།རྩོད་པ་པོ་ཚེའི་དུས་བྱས་པ་དང་།ནད་ཀྱིས་རྒྱུན་རིང་དུ་བཏབ་པ་དང་།བསླབ་པ་ཕུལ་ནས་ཁྱིམ་པར་བབས་པ་དང་།བདག་མེད་རྟོགས་པར་ཤེས་རབ་དང་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་པའི་སྟོབས་ཀྱིས་ཞི་བ་ལྟ་བུའོ།།
གཉིས་པ་ལ་རྩོད་པ་དང་པོ་ཞི་བྱེད་ལ།མངོན་སུམ་དང་།གང་མང་གི་ཞི་བྱེད་གཉིས་ལ།དང་པོ་རྒོལ་ཕྱིར་རྒོལ་གཉིས་དང་པོར་ཡོད་མེད་ཀྱི་རྩོད་པའི་ཚེ།ཕྱིས་ལུང་རིགས་ལ་བརྟེན་ནས་བློ་མཐུན་པ་ལྟ་བུར་རྒོལ་ཕྱིར་རྒོལ་མངོན་སུམ་གྱིས་ཞི་བར་བྱེད་པ་དང་།རྒོལ་ཕྱིར་རྒོལ་རང་སྟོབས་ཀྱིས་མ་ཞི་ན་དཔང་པོ་འཐད་སྒྲུབ་ཀྱི་གཟུ་བོས་དང་།དེས་མ་ཞི་ན་རྩོད་པ་རྒྱུས་ཡོད་པའི་དགེ་འདུན་གྱིས་དང་།དེས་མ་ཞི་ན་ལུང་རིགས་ལ་མཁས་པའི་དགེ་སློང་བཞི་ཡན་ཆད་གསོལ་གཉིས་ཀྱིས་བསྐོས་པའི་གསལ་བས་དང་།དེ་མ་ཞི་ན་དེས་གསོལ་གཉིས་ཀྱིས་བསྐོས་པའི་དགེ་སློང་གསལ་བའི་གསལ་བས་དང་།དེས་མ་ཞི་ན་གནས་བརྟན་དང་བཅས་པའི་དགེ་འདུན་ལ་རྩོད་པ་ཕུལ་ཏེ་དེས་ཞི་བར་བྱེད་པ་དང་།དེས་མ་ཞི་ན་སྡེ་སྣོད་འཛིན་པ་ཚད་མར་གྱུར་པས་ཞི་བར་བྱེད་པ་དང་།དེས་མ་ཞི་ན་སུས་ཀྱང་བཀའ་ལས་འདའ་བར་མི་ནུས་པའི་གནས་བརྟན་མཐུ་དང་ལྡན་པ་ལ་རྩོད་པ་ཕུལ་ཏེ་ཞི་བར་བྱེད་པ་ནི་མངོན་སུམ་བརྒྱད་ཀྱི་ཞི་བྱེད་དོ།།
གཉིས་པ་ནི།དེས་མ་ནུས་ན་ཚུལ་ཤིང་༼༦༤ན༽བྲིམས་ཏེ་གང་མང་བའི་ཕྱོགས་ལ་དག་པ་བྱིན་ཏེའོ།།
རྩོད་པ་གཉིས་པ་ལ་ལྟུང་བ་དྲན་པས་འདུལ་བ་སྦྱིན་པ་དང་།མ་མྱོས་པའི་འདུལ་བ་སྦྱིན་པའོ།།
དང་པོ་ནི།ལྟུང་བ་གླེང་ནས་གསལ་པོར་མི་དྲན་པ་ལ་ལྟུང་བ་བྱུང་མ་བྱུང་དྲན་དུ་བཅུག་ནས་མ་བྱུང་བར་ངེས་ན་དག་པར་བྱིན་བྱུང་བར་ངེས་ན་ཕྱིར་བཅོས་ཏེ་གདམས་ངག་བྱིན་པའོ།།
གཉིས་པ་ནི།སེམས་མ་སྨྱོས་པའི་གནས་སྐབས་སུ་ལྟུང་བ་བྱུང་མ་བྱུང་དྲན་དུ་བཅུག་ནས་སྔ་ར་བཞིན་བྱེད་པའོ།།
རྩོད་པ་གསུམ་པ་ཞི་བྱེད་ལ།ལྟུང་བ་ངོ་ཤེས་པ་དང་།མི་ཤེས་པ་གཉིས་ལས།དང་པོ་ལ་གང་ཟག་ཁ་ཡར་བ་དང་འབྲེལ་པ་དང་།དགེ་འདུན་མཐའ་དག་དང་འབྲེལ་པ་ལས།དང་པོ་ནི།ལྟུང་པ་གླེང་བྱེད་ལ་ཁས་བླངས་པའི་སྒོ་ནས་སོ།།
གཉིས་པ་ལ་རྩྭ་བཀྲམ་པ་ལྟ་བུའི་སྒོ་ནས་ཏེ་རྒོལ་ཕྱིར་རྒོལ་བཅོས་ཡུལ་ངེས་མེད་ལ་ཟིང་ཕྱག་བྱས་ཏེ་ཕྱོགས་ཕན་ཚུན་འདུད་པའོ།།
གཉིས་པ་ངོ་མི་ཤེས་པ་ནི།ལྟུང་བའི་ངོ་བོ་ཉིད་ཚོལ་བའི་སྒོ་ནས་ཞི་བར་བྱེད་དེ།ལྟུང་བ་མ་དྲན་པ་ལ་དྲན་པའི་ཕྱིར་དགེ་འདུན་གྱིས་གསོལ་བཞིའི་ལས་ཀྱིས་ཟླ་བ་བཞིའི་བར་དུས་གཞན་དུ་གནས་པའི་སྤྱོད་པ་བྱིན་ཏེ་ལྟུང་བ་དྲན་པར་བྱེད་པའོ།།
རྩོད་པ་བཞི་པ་ལ།ལས་ལ་མཐུན་པ་བྱིན་པས་དངོས་སུ་ཞི་བར་བྱེད་ཅིང་།བརྒྱུད་ནས་ཞི་བྱེད་ཐམས་ཅད་འཇུག་གོ།ཁས་བླངས་པའི་ཞི་བྱེད་ནི།རྒོལ་ཕྱིར་རྒོལ་གཉིས་ཕྱིར་མ་འཕྲོས་པར་གླེང་བྱ་གླེང་བྱེད་གཉིས་ཀས་ལྟུང་བ་ཡོད་པར་ཁས་བླངས་ཏེ་རྩོད་པ་༼༦༤བ༽གསུམ་པ་ཞི་བྱེད་ལ་འཇུག་གོ།ད་ནི་རུང་མཐུན་གྱི་དོན་ཤེས་པར་བྱ་སྟེ།རབ་བྱུང་ལ་མི་རུང་བ་དང་།མཐུན་ཅིང་རུང་བ་ལ་འགལ་བའི་བསླབ་པ་རྣམས་དགག་པར་མཚུངས་པས་གོས་སྦུ་གུ་ཅན་བཀག་པས་ཨང་རག་སོགས་བཀག་ལ།རུང་བ་དང་མཐུན་ཅིང་མི་རུང་བ་དང་འགལ་བ་སྒྲུབ་པ།གནང་བ་ཡོ་བྱད་ཀྱི་དངོས་སུ་གནང་བ་དང་ཁ་དོག་ལ་སོགས་པའི་མི་རུང་བ་མིན་པའི་ཟླ་གམ་སོགས་བགོར་རུང་བ་བཞིན་ནོ།།
འདོན་པ་ཐམས་ཅད་ཀྱི་མཇུག་བསྡུ་བ་ནི།ཚེ་དང་ལྡན་པ་ཞེས་སོགས་ཏེ།ཚིག་དོན་ཕལ་ཆེར་གོ་སླ་ལ།གང་གཞན་ནས་འབྱུང་བ་ཞེས་པ་སྡེ་སྣོད་གཞན་ནས་འབྱུང་བའི་མྱང་འདས་ཀྱི་ཆོས་བྱང་ཆུབ་ཀྱི་ཕྱོགས་སོ་བདུན་གྱི་རྗེས་སུ་མཐུན་པ།འགྲོ་བ་ལ་སོགས་པའི་སྤྱོད་ལམ་འདུལ་བ་དང་མཐུན་པ།ལྟ་བ་དང་ཤེས་རབ་ཀྱིས་བློ་མཐུན་པ་དང་།དགེ་བའི་ཡོན་ཏན་གྱིས་དགའ་བ་དང་།ཚུལ་ཁྲིམས་དང་ལྟ་བ་འཚོ་བ་ཆོ་གས་མི་རྩོད་པ་དང་།དམིགས་པ་ཕྱོགས་གཅིག་པས་སེམས་ཀུན་ཏུ་བསྲུང་བ་དང་།དགེ་བའི་བྱ་བ་ལ་མི་བརྗེད་པའི་དྲན་པ་དང་།རང་གཞན་གྱི་རྒྱུད་བྱང་ཆུབ་ཀྱི་ལས་སུ་རུང་བའི་བག་ཡོད་པས་རྣལ་འབྱོར་དུ་བྱའོ།།
ད་ནི་སྔོན་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གསོ་སྦྱོང་ལ་སངས་རྒྱས་རྣམ་པར་གཟིགས་ཀྱིས།འདུལ་བ་ནི་སྟོན་པ་དེའི་རིང་ལ་ཉན་ཐོས་རྣམས་ཉོན་མོངས་ཤས་ཆུང་མོད་ཀྱང་།ལུས་གདུང་ཞིང་སེམས་གདུང་བར་མི་བྱེད་པར་མུ་སྟེགས་ཅན་གྱི་དཀའ་ཐུབ་༼༦༥ན༽ལ་ནན་ཏན་དུ་བྱེད་ནས་འབྲས་བུ་འཐོབ་པར་འདོད་པའི་གཉེན་པོར།བཟོད་པ་བཀའ་ཐུབ་དམ་པ་བཟོད་པ་ནི།།
མྱ་ངན་འདས་པ་མཆོག་ཅེས་ཐུབ་པས་གསུངས།།
རབ་ཏུ་བྱུང་བ་གཞན་ལ་གནོད་པ་དང་།།
གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ།།
ཞེས་གསུངས།གཙུག་ཏོར་ཅན་གྱི་ཉན་ཐོས་རྣམས་ཉོན་མོངས་གཞན་ཤས་ཆུང་ཡང་དགེ་བའི་ལས་གང་གིས་ལྷ་མིའི་གོ་འཕང་དོན་དུ་གཉེར་བ་དག་མང་བས་དེ་དེའི་གཉེན་པོར།མིག་ལྡན་འགྲོ་བ་ཡོད་པ་ཡིས།།
ཉམ་ང་བ་དག་ཅི་བཞིན་དུ།།
མཁས་པ་འཚོ་བའི་འཇིག་རྟེན་འདིར།།
སྡིག་པ་དག་ནི་ཡོངས་སུ་སྤང་།།
ཞེས་གསུངས།།
མས་ཅད་སྐྱོབ་ཀྱི་ཉན་ཐོས་རྣམས་ཉོན་མོངས་པ་གཞན་ཤས་ཆུང་ཡང་།རང་གི་ཚུལ་ཁྲིམས་ལ་མཆོག་ཏུ་བལྟས་ཏེ་མུ་སྟེགས་ཅན་ལ་སྨོད་པ་ལྷུར་ལེན་པས།སྐུར་པ་མི་གདབ་གནོད་མི་བྱ།།
སོ་སོར་ཐར་པའང་བསྡམ་པར་བྱ།།
ཟས་ཀྱི་ཚོད་ཀྱང་རིག་པར་བྱ།།
བས་མཐའི་གནས་སུ་གནས་པར་བྱ།།
ལྷག་པའི་སེམས་ལ་ཡང་དག་སྦྱོར།།
འདི་ནི་སངས་རྒྱས་བསྟན་པ་ཡིན།།
ཅེས་སོ།།
འཁོར་བ་འཇིག་གི་ཉན་ཐོས་རྣམས་ཉོན་མོངས་པ་གཞན་ཤས་ཆུང་ཞིང་།གྲོང་པའི་བསྙེན་བཀུར་ལ་ཆགས་པས་དེའི་གཉེན་པོར།ཇི་ལྟར་བུང་བས་མེ་ཏོག་ལས།།
ཁ་དོག་དྲི་ལ་མི་གནོད་པར།།
ཁུ་བ་གཞིབས་ནས་འཕུར་བ་ལྟར།།
དེ་བཞིན་ཐུབ་པ་གྲོང་དུ་རྒྱུ།།
ཞེས་སོ།།
གསེར་ཐུབ་ཀྱི་རིང་གི་ཉན་ཐོས་རྣམས་ཉོན་མོངས་པ་གཞན་ཤས་ཆུང་ཡང་༼༦༥བ༽རང་གི་ཐོས་པ་དང་ཚུལ་ཁྲིམས་མཆོག་ཏུ་འཛིན་ནས་གཞན་གྱི་དེ་ལ་སྨོད་པའི་གཉེན་པོར།བདག་གི་རིགས་དང་མི་རིགས་ལ།།
བརྟག་པར་བྱ་སྟེ་གཞན་རྣམས་ཀྱི།།
མི་མཐུན་པ་དང་གཞན་དག་གིས།།
བྱས་དང་མ་བྱས་རྣམས་ལ་མིན།།
ཅེས་སོ།།
འོད་སྲུང་གི་ཉན་ཐོས་རྣམས་ཉོན་མོངས་པ་གཞན་ཤས་ཆུང་ཡང་ཏིང་ངེ་འཛིན་གྱི་རོ་ལ་ཆགས་པས་དེའི་གཉེན་པོར།ལྷག་པའི་སེམས་ལ་བག་བྱ་སྟེ།།
ཐུབ་པའི་ཐུབ་གཞི་རྣམས་ལ་བསླབ།།
ཉེར་ཞི་རྟག་ཏུ་དྲན་ལྡན་པའི།།
སྐྱོབ་པ་མྱ་ངན་མེད་པ་ཡིན།།
སྦྱིན་པས་བསོད་ནམས་རབ་ཏུ་འཕེལ།།
ལེགས་སྡོམ་དགྲ་སོགས་མི་འགྱུར་རོ།།
དགེ་དང་ལྡན་པས་སྡིག་པ་སྤོང་།།
ཉོན་མོངས་ཟད་པས་མྱ་ངན་འདའ།།
ཞེས་སོ།།
འོ་སྐོལ་གྱི་སྟོན་པ་འདིའི་ཉན་ཐོས་རྣམས་ཉོན་མོངས་པ་མང་ཞིང་སྡིག་པ་སྣ་ཚོགས་བྱེད་ལ།དགེ་བ་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་ལ།འདོད་པས་སེམས་གཡེང་ཞིང་མཉམ་པར་འཇོག་མི་ནུས་པའི་གཉེན་པོར།སྡིག་པ་ཐམས་ཅད་མི་བྱ་སྟེ།།
དགེ་བ་ཕུན་སུམ་ཚོགས་པར་སྤྱད།།
རང་གི་སེམས་ནི་ཡོངས་སུ་འདུལ།།
འདི་ནི་སངས་རྒྱས་བསྟན་པ་ཡིན།།
ལུས་ཀྱི་སྡོམ་པ་ལེགས་པ་སྟེ།།
ངག་གི་སྡོམ་པའང་ལེགས་པ་ཡིན།།
ཡིད་ཀྱི་སྡོམ་པ་ལེགས་པ་སྟེ།།
ཐམས་ཅད་དུ་ནི་སྡོམ་པ་ལེགས།།
ཀུན་ཏུ་བསྡམས་པའི་དགེ་སློང་ནི།།
སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ།།
ངག་རྣམས་བསྲུང་ཞིང་ཡིད་ཀྱིས་རབ་བསྡམས་ཏེ།།
ལུས་ཀྱིས་མི་༼༦༦ན༽དགེ་བ་དག་མི་བྱེད་ཅིང་།།
ལས་ལམ་གསུམ་པོ་འདི་དག་རབ་སྦྱངས་ན།།
དྲང་སྲོང་གསུངས་པའི་ལམ་ནི་ཐོབ་པར་འགྱུར།ཞེས་སོ།།
སངས་རྒྱས་རབས་འདུན་གྱི་འདུལ་བ་སོ་སོའི་མཚན་ཉིད་སོ་སོའི་ལུང་ཡིན་པར་སྟོན་པ་ནི།སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ།།
འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུང་དང་།།
ཤཱཀྱ་ཐུབ་པ་གཽ་ཏམ་ལྷ་ཡི་ལྷ།།
མི་འདུལ་ཁ་ལོ་སྒྱུར་བ་བླ་ན་མེད།།
འཇིག་རྟེན་མགོན་པོ་སྐྱོབ་པའི་མཆོག།སངས་རྒྱས་དཔའ་བོ་བདུན་པོ་དག།གྲགས་ལྡན་རྣམས་ཀྱི་སོ་སོ་ཐར།།
འདི་ནི་རབ་ཏུ་རྒྱས་པར་བཏོན།།
ད་ནི་སོ་ཐར་གྱི་འབྲས་བུ་ལ།།
འདི་ལ་སངས་རྒྱས་རྣམས་དང་གང་།།
སངས་རྒྱས་ཉན་ཐོས་རྣམས་ཀྱང་གུས།།
འདི་ལ་གུས་དང་བཅས་གྱུར་པས།།
འདུས་མ་བྱས་པ་ཐོབ་པར་གྱིས།།
དེའི་ཕྱིར་རབ་ཏུ་བྱུང་བར་བསྐུལ་བ་ནི།།
བརྩམས་པར་བྱ་ཞིང་དབྱུང་བར་བྱ།།
སངས་རྒྱས་བསྟན་ལ་འཇུག་པར་བྱ།།
འདམ་བུའི་ཁྱིམ་ལ་གླ་ང་ཆེན་བཞིན།།
འཆི་བདག་སྡེ་ནི་གཞོམ་པར་བྱ།།
སོ་ཐར་ལ་ནན་ཏན་དུ་བྱེད་པའི་ཆེ་བ་ནི།།
གང་དག་རབ་ཏུ་བག་ཡོད་པ།།
ཆོས་འདུལ་འདི་ལ་སྤྱོད་འགྱུར་བ།།
སྐྱེ་བའི་འཁོར་བ་རབ་སྤངས་ནས།།
སྡུག་བསྔལ་ཐ་མར་བྱེད་པར་འགྱུར།།
མཐར་ཐུག་གི་འབྲས་བུ་བསྟན་ཟིན་ནས།།
གནས་སྐབས་གསོ་སྦྱོང་གི་ངེས་པ་ནི།།
ཕན་ཚུན་ཚུལ་༼༦༦བ༽ཁྲིམས་བསྲུང་བ་དང་།།
བསྟན་པ་འཕེལ་བར་བྱ་བའི་ཕྱིར།།
སོ་སོར་ཐར་པ་འདི་བཏོན་པས།།
དགེ་འདུན་གྱིས་ནི་གསོ་སྦྱོང་བྱས།།
གང་གི་ཕྱིར་ནི་མདོ་བཏོན་དང་།།
གང་ཕྱིར་གསོ་སྦྱོང་བྱས་གྱུར་པ།།
ཚུལ་ཁྲིམས་དེ་ནི་བསྲུང་བྱ་སྟེ།།
གཡག་རྔའི་རྩེ་མོ་ཇི་བཞིན་ནོ།།
ད་ནི་མཇུག་རྫོགས་པའི་དགེ་བའི་རྩ་བ་བསྔོ་བ་ནི།སོ་སོར་ཐར་པ་བཏོན་པ་ཡི།།
བསོད་ནམས་གྲུབ་པ་གང་ཡོད་པ།།
དེས་ནི་འཇིག་རྟེན་ཐམས་ཅད་ཀྱིས།།
ཐུབ་དབང་གོ་འཕང་ཐོབ་པར་ཤོག།ཅེས་དབང་ཕྱུག་དམ་པའི་མངའ་བདག་དཔལ་ལྷ་བཙན་པོ་རལ་པ་ཅན་གྱི་རིང་ལ་ཁ་ཆེ་བྱེ་བྲག་ཏུ་སྨ་བའི་དགེ་སློང་རྒྱལ་བའི་བཤེས་གཉེན་དང་།ཞུ་ཆེན་གྱི་དགེ་སློང་ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།
ད་ནི་འཇུག་ཡོངས་སུ་རྫོགས་པའི་ཚིགས་སུ་བཅད་པ་ནི།།
འདི་ན་བློ་གྲོས་བླུན་པོ་མུན་པའི་ཁྲིར་འཁོད་དེས།།
བླང་དོར་བརྗོད་པའི་ལང་ཚོས་དག་པའི་ཕྱོགས་ཉམས་ཤིང་།།
ཆགས་སྡང་ཟང་ཟིང་རྙེད་པ་ཁོ་ན་ལྷུར་བྱེད་པ།།
གང་མཆིས་ཐོ་རངས་མུན་རྡུལ་ཇི་བཞིན་སྲབ་གྱུར་ཅིག།ངེས་འབྱུང་བློ་དང་གཉེན་པོའི་ནོར་ལྡན་ཅིང་།།
མ་ཆགས་འཕགས་རིགས་དབང་པོ་དུལ་བ་ཀུན།།
ཐོས་དང་བརྩོན་པས་རྒྱུད་སྦྱངས་སྙིང་རྗེ་ཅན།།
བྱང་ཆུབ་ལམ་གྱི་ཕྱོགས་ལ་མཇུག་གྱུར་ཅིག།ཐ་སྙད་ཐམས་ཅད་སྙིང་པོས་སྟོང་པའི་ཕྱིར།།
ངེས་པའི་དོན་མཆོག་སྐུ་བཞིའི་བཅོམ་ལྡན་ལ།།
༼༦༧ན༽རྒྱུ་འབྲས་ཕྱིན་ལོག་བྲལ་བའི་ཐབས་རྙེད་དེ།།
འཆི་མེད་རྟག་པའི་གོ་འཕང་འགྲུབ་གྱུར་ཅིག།འདིར་འབད་དགེ་བའི་ལས་བྱུང་རྣམ་པར་དཀར།།
གང་མཆིས་མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས།།
རྫོགས་པའི་སངས་རྒྱས་དཔལ་ལྡན་བླ་མའི་ཞབས།།
གོ་འཕང་བདེ་བླག་འགྲུབ་པར་བྱིན་གྱིས་རློབས།།
ཞེས་བྱ་བ་འདི་ནི་ཀརྨ་པ་མི་བསྐྱོད་རྡོ་རྗེ་ཞེས་བྱ་བའི་ལྷག་པའི་བསམ་པས།རྗེས་འཇུག་རྣམས་ལ་ཆོས་སྦྱིན་དུ་བྱས་པའི་ཡི་གེ་པ་ནི་ཤཱཀྱའི་དགེ་སློང་སྤོང་བ་པ་གཙུག་ལག་ཕྲེང་བས་བགྱིས་པའོ།།