༄༅།། སོ་སོ་ཐར་པའི་མདོའི་འགྲེལ་པ་རིན་ཆེན་འབྱུང་གནས་ཞེས་བྱ་བ་ཀརྨ་པ་མི་བསྐྱོད་རྡོ་རྗེས་མཛད་པ་བཞུགས།

དགེ་སློང་དག་པའམ་ལྟུང་བ་མི་མཐུན་པ་ཡོད་ཀྱང་བཤགས་ཡུལ་དུ་རུང་བས་ལས་ལ་མ་འདུས་གོང་དུ་ལྟུང་བ་རྣམས་མཐོལ་བཤགས་དང་།འཆབ་ཉེས་ལ་སོགས་པ་བཤགས་པར་བྱ་ལ།ལྷག་མ་དང་།སྦོམ་པོ་དང་།སྤང་ལྟུང་རྣམས་ནི་གང་ཟག་ཁྱད་པར་ཅན་ལ་བཤགས་པས་འདག་ཀྱང་།གཞན་ཆད་ལས་ཀྱི་སྒོ་ནས་བཤགས་དགོས་པས།དེ་མ་སྒྲུབ་པས་ལས་ཀྱི་ཁ་བསྐ་ང་ནས་འདུ་ན།གང་ཟག་སོ་སོའི་རྒྱུད་ཀྱི་ཐུན་མོང་མིན་པ་རྣམས་ཐུན་མོང་མིན་པའི་བྱིན་རླབས་དང་།དགེ་འདུན་རིམ་གྱིས་ལྟུང་བ་ཐུན་མོང་པ་རྣམས་དགེ་འདུན་གྱིས་གསོལ་བའི་ལས་ཀྱིས་བྱིན་རླབས་བྱའོ།།
དེ་ནས་གནས་༼༥༢ན༽དེར་གཎྜི་བརྡུང་།མཆིལ་ལྷྭམ་ཕུད།སྣམ་སྦྱར་གྱོན།མདོ་བསྐུལ།རྒྱུན་ཆགས་གསུམ་བཏོན།སྤྱི་བཤགས་བྱེད་པར་སྤྲོ་ན་ཡང་བྱ།དེར་སུམ་བརྒྱ་པ་ལས།གལ་ཏེ་མངོན་སུམ་གསུངས་པ་མེད་གྱུར་ཀྱང་།།
དགག་དབྱེ་གསུངས་ཕྱིར་འདི་ན་གསོ་སྦྱོང་ཡོད།།
ཅེས་པ་དགེ་ཚུལ་གྱི་འདུན་དག་བླངས་ནས་ཐོས་པའི་ཉེ་འཁོར་ལས་བཀར།མཚམས་ནང་གི་དགེ་སློང་ན་བ་དང་།སྲོག་གམ།ཚངས་སྤྱོད་ཀྱི་བར་ཆད་དུ་འགྱུར་བས་འདུ་བར་མ་ནུས་ན་དགེ་འདུན་གྱིས་མདུན་དག་ལེན་པོ་བསྐོས་ནས་བླངས་ཏེ་དགེ་འདུན་ལ་འབུལ།ལས་ལ་མ་འདུས་པའི་གོང་ཐུན་མོང་དང་ཐུན་མོང་མིན་པའི་ལྟུང་བ་བྱིན་གྱིས་མ་བརླབས་ན་སྐབས་འདིར་བྱིན་གྱིས་བརླབས།གནས་དེར་ལས་ཀྱི་མཚམས་བུ་ཆུང་གཅོད་ན།གདིང་བ་བཞི་བཅུ་ཤོང་བ་ཡན་ཆད།དཔག་ཚད་གཉིས་ཚུན་ཆད་གང་འོས་ལ་མཚན་མ་བརྟན་པོ་བཙུགས་ཏེ་དགེ་འདུན་ལ་གོ་བར་བྱས་ནས་ལས་བྱའོ།།
དེ་ནས་གནས་ལ་བློ་མཐུན་བྱ་ཞིང་།གསོ་སྦྱོང་དངོས་ལ།འདོན་པ་པོ་གནས་བརྟན་གྱིས་སམ།དེས་མི་ཐོན་ན་གཉིས་པའམ།གསུམ་པའམ།མི་ཐོན་ན་རེས་མོས་ཀྱིས་འདོན་ཅིང་།ཚིག་གཅིག་ཀྱང་མ་འཁྲུལ་བར་བློ་ནས་ཐོན་པས་འདོན་ལ།རྡུག་ན་གཞན་གྱིས་འདོན་ནོ།།
འདོན་པ་ཡང་རྣམ་པ་ལྔ་སྟེ།གླེང་གཞི་དང་།ཕམ་པ་དང་།ལྷག་མ་དང་།མ་ངེས་པ་དང་།རིལ་གྱིས་འདོན་པའོ།།
དམིགས་བསལ་ནི།རྐྱེན་དབང་གིས་ལམ་དུ་ཡིད་ཀྱིས་བྱིན་གྱིས་བརླབ་པའམ།གནས་གཅིག་ན་༼༥༢བ༽དགེ་སློང་གཅིག་ལས་མེད་ན་འདུག་ལ།དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ཡིན་ལ།བདག་དགེ་སློང་འདི་ཞེས་བྱ་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ཏེ།བདག་དགེ་སློང་འདི་ཞེས་བགྱི་བ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཀྱང་བདག་སྨྲ་ན།བདག་ཡོངས་སུ་དག་པར་ལྷ་རྣམས་ཀྱིས་བཟུང་དུ་གསོལ།།
བདག་དགེ་སློང་མིང་འདི་ཞེས་བྱ་བས་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར།དེང་གསོ་སྦྱོང་བྱིན་གྱིས་བརླབ་བོ།།
གང་གི་ཚེ་དགེ་འདུན་གྱི་ཚོགས་པ་རྙེད་པ་དེའི་ཚེ་དགེ་འདུན་དང་ལྷན་གཅིག་གསོ་སྦྱོང་རྒྱ་ཆེར་ཉམས་སུ་མྱོང་བར་བྱ་ཞིང་སོ་སོར་ཐར་པའི་མདོ་འདོན་པར་བྱའོ།།
ཞེས་ལན་གསུམ་བརྗོད་ཅིང་ཡིད་ལ་བསམ་མོ།།
དགེ་སློང་གཉིས་སམ་གསུམ་ཡོད་ན་ཕན་ཚུལ་དགོངས་གསོལ་མངོན་དུ་བྱས་ཏེ་རྗེས་ནས་ཐབས་ལེགས་བྱ།དེ་ཙམ་མ་གྲུབ་ན་ཆོས་རྣམས་ཐམས་ཅད་ཅེས་སོགས་ཀྱི་ཤླཽ་ཀ་ཕྱེད་བཞི་ཙམ་འདོན་ནོ།།
གཉིས་པ་དབྱར་གནས་ལ།མདོ་རྩ་བར།དབྱར་གནས་པར་ཁས་བླང་བར་བྱའོ།།
ཟླ་བ་གསུམ་དུའོ།།
ཚེས་བཅུ་དྲུག་པའོ།།
དབྱར་ཟླ་འབྲིང་པོའི་ཉའི་ཕྱི་དེ་ཉིན་པར་བགྱིའོ།།
དབྱར་ཟླ་ཐ་ཆུང་གི་ཉའིའོ།།
ཞེས་པ་དབྱར་སྔ་མ་དབྱར་ཟླ་འབྲིང་པོའི་ཉ་ལ་སྦྱོར་བ་ཚུལ་འཇུག་དང་།དེའི་ཕྱི་དེ་ཉིན་དབྱར་ཟླ་ཐ་ཆུང་གི་མར་གྱི་ཚེས་གཅིག་ལ་ཁས་ལེན་བྱ།དབྱར་ཕྱི་མ་དང་དབྱར་ཟླ་ཐ་ཆུང་གི་ཉ་ལ་སྦྱོར་བ།དེའི་ཕྱི་དེ་ཉིན་སྟོན་ར་བའི་མར་གྱི་ཚེས་གཅིག་ལ་ཁས་ལེན་བྱའོ།།
འདིར་ཡང་ལོ་མགོ་འཛིན་ཚུལ་གྱི་འཇོག་མཚམས་དབྱར་སྔ་མའི་ཁས་ལེན་ཡང་ཧོར་ཟླ་བཞི་པའི་༼༥༣ན༽ནང་དུ་དང་།ལྔ་པའི་ནང་དུ་དང་དྲུག་པའི་ནང་དུ་སྟེ་ལག་ལེན་བྱེད་ཚུལ་བོད་འདིར་མི་འདྲ་བ་དུ་མ་དག་ཡོད་དོ།།
དེ་ནས་གཙུག་ལག་ཁང་སྟེང་གཡོགས་དང་བཅས་པར་དབྱར་ཟླ་འབྲིང་པོའི་ཆོས་བཅོ་ལྔ་ལ་གསོ་སྦྱོང་བྱས་ནས་ཁྲིམས་སུ་བཅའ་བ་རྣམས་བརྗོད་ཅིང་།ཚུལ་ཤིང་བྲིམས་པ་དང་།གནས་མལ་སྟོབ་པ་སོགས་བྱས་ཏེ།དེའི་ཚེས་ཕྱི་མ་ལ་སྟེང་གཡོགས་དང་བཅས་པར་དགེ་སློང་གི་མདུན་དུ་ཙོག་པུར་འདུག་ནས་དབྱར་ཁས་ལེན་ཅིང་།དབྱར་ཕྱི་མ་ལ་ཡང་དེ་བཞིན་དུ་བྱས་ལ།རང་གཅིག་པུ་ཡིན་ན་དམ་བཅས་པས་ཀྱང་གནས་པར་འགྱུར་ལ་ཉེས་བྱས་བསྐྱེད་དོ།།
དབྱར་ནང་དུ་ཆོས་ལྡན་གྱི་བྱ་བ་ལ་མཚམས་ཀྱི་ཕྱི་རོལ་ཏུ་འགྲོ་དགོས་ན་མཚམས་ནང་དུ་དགེ་སློང་ཆོས་དགུ་ལྡན་ཀྱི་དྲུང་དུ་ཙོག་པུར་འདུག་སྟེ་དགུང་འདུན་བྱིན་གྱིས་བརླབས་ཏེ་ཕྱི་རོལ་ཏུ་འགྲོ་བར་བྱའོ།།
གལ་ཏེ་ཞག་བདུན་ཕན་བཞི་བཅུ་ཚུན་གྱི་ཕྱི་རོལ་དུ་འགྲོ་དགོས་ན་ཞག་བཞི་བཅུའི་གནང་བ་གསོལ་ཞིང་།དགེ་འདུན་གྱི་ཆེད་ཡིན་ན་སྤྲོ་བ་དྲི་ཞིང་།རང་དོན་ཡིན་ན་དྲི་མི་དགོས་པས།འགྲོ་བ་པོས་དགེ་འདུན་ལ་གསོལ་བ་ལན་གསུམ་བཏབ་ནས་དགེ་འདུན་གྱི་ལས་ཀྱིས་ཞག་བཞི་བཅུའི་གནང་བ་སྦྱིན་ནོ།།
གསུམ་པ་དགག་དབྱེ་ལ།སྦྱོར་བ་ནི་དགག་དབྱེ་འབྱུང་བའི་ཞག་བདུན་ནམ་ཟླ་བ་ཕྱེད་ཀྱི་བར་གང་ཡང་རུང་བ་ནས་མཁོན་ཡོད་ན་བཟོད་གསོལ་དང་།གཙུག་ལག་ཁང་བརྒྱན།ཉའི་ཉིན་པར་རྩྭ་དཱུར་བ་སྟ་གོན་བྱ།དགེ་འདུན་འདུས་ཟིན་ནས་ཕྱག་བྱས་ལ་འགྲེང་སྟེ་འདུད་པ་དང་བཅས་པས་དབྱར་ནང་དུ་ཐུགས་༼༥༣བ༽དང་འགལ་བ་ཐམས་ཅད་བཟོད་པར་གསོལ།།
རྒྱུན་ཆགས་གསུམ་པ་ནས་ཚུལ་ཁྲིམས་རྣམ་དག་གི་མདོ་འདོན་པ་ཡན་ཆད་གསོ་སྦྱོང་བཞིན་བྱས་པའི་རྗེས་ལ་དགེ་ཚུལ་རྣམས་བཀར་ཏེ།འདུན་དག་ལེན་པ་དང་།བཤགས་སྡོམ་བྱིན་རླབས་དང་།གནས་ལ་བློ་མཐུན་རྣམས་བྱ།དངོས་གཞིའི་ཆོ་ག་ནི་ལས་བྱེད་པས་དགག་དབྱེ་བྱེད་པར་བསྒོ་བར་འོས་པ་ལ་སྤྲོ་བ་དྲིས་ནས།གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བའི་ལས་བྱས་ནས་དགག་དབྱེ་བྱ་བའི་ཕྱིར་གསོལ་བའི་ལས་བྱས་པའི་རྗེས་ལ།རྒན་རིམ་གྱིས་རྩྭ་དཱུར་བ་བྲིམས།དེ་ནས་དགེ་སློང་གཞན་རྣམས་གསུམ་མན་ཆད་ཀྱིས་བསྐོས་པའི་དགེ་སློང་གི་དྲུང་དུ་ཙོག་པུར་འདུག།ཡུལ་དང་བྱེད་པ་པོའི་ལག་པས་རྩྭ་བཟུང་།རྐང་པས་ཀྱང་ཅུང་ཟད་མནན་ནས་དགག་དབྱེའི་ཆོ་ག་ལན་གསུམ་བརྗོད།གནོད་པ་འབྱུང་བ་སོགས་ཀྱི་དགོས་པ་ཡོད་ན་ཆོ་ག་ལན་གཅིག་གམ་གཉིས་བརྗོད་པས་ཀྱང་འགྲུབ།དེ་ནས་རྩྭ་ཆུན་བགྲངས་ཏེ་གཙུག་ལག་ཁང་འདི་ཞེས་བྱ་བ་འདིར་དགེ་སློང་འདི་སྙེད་ཀྱིས་དགག་དབྱེ་མཛད་དོ།།
ཞེས་གོ་བར་བྱས་ནས།དགེ་འདུན་གཞན་རྣམས་ཀྱིས་ཀྱང་ལེགས་པར་དགག་དབྱེ་མཛད་དོ།།
ཤིན་ཏུ་དགག་དབྱེ་མཛད་དོ།།
ཞེས་བརྗོད།དེ་ནས་བསྐོས་པས་ནད་པ་སོགས་དགག་དབྱེ་ལན་དགོས་ཀྱི་སར་ཕྱིན་ནས་ཀྱང་བླངས་ཏེ་དགེ་འདུན་ལ་བརྗོད།དེ་ནས་རྫས་ཀྱི་དགག་དབྱེ་སོགས་ཆོ་ག་ལས་ཤེས་སོ།།
དགེ་སློང་བཞི་ལས་མེད་ན་དགག་དབྱེ་བྱེད་པ་བསྐོ་མི་རུང་བས་མི་བསྐོ་བར་གསོལ་བའི་ལས་དང་དགག་དབྱེ་གོང་བཞིན་བྱའོ།།
དགེ་སློང་གཉིས་གསུམ་ལས་༼༥༤ན༽མེད་ན་དགག་དབྱེ་བྱིན་གྱིས་བརླབ་བོ།།
ཚོགས་ཀྱི་དགག་དབྱེ་ནི་ཟླ་བ་ཕྱེད་དང་གཉིས་ཙམ་སོང་ངམ།ཉ་སྟོང་གི་དུས་མིན་པར་རྐྱེན་བློ་བུར་གྱིས་གྱེས་དགོས་བྱུང་ན་ཕན་ཚུན་གཅིག་ལ་གཅིག་རྒན་ན་ཕྱག་བྱས་ལ་དགག་དབྱེའི་ཆོ་ག་བྱའོ།།
དགེ་སློང་ཀུན་མི་གྱེས་ཀྱང་དགེ་སློང་གང་རུང་རྐྱེན་དབང་གིས་གྱེས་དགོས་བྱུང་ན་ཡང་ཆོ་ག་འདི་ལྟར་རུང་ངོ་།།
དགག་དབྱེ་བྱས་ནས་གསོ་སྦྱོང་ཡང་དེས་གྲུབ་ལ།རྐྱེན་དབང་གིས་གསོ་སྦྱོང་གཉིས་སམ་གསུམ་ཐལ་ནས་དགག་དབྱེ་བྱར་རུང་བ་ནི་གནས་དེར་དགེ་སློང་འཐབ་དཀྲོལ་བ་འོང་ན་དེ་ལྟར་བྱའོ།།
གཉིས་པ་བདེ་བར་གནས་པའི་རྐྱེན་ལ་གོས།སྨན།གནས་མལ་ལོ།།
དང་པོ་ལ་བག་ཡངས་དང་འབྲེལ་བ་སྲ་བརྐྱང་།འཚོ་བའི་ཡོ་བྱད་དང་འབྲེལ་བ་གོས།དམིགས་བསལ་དང་འབྲེལ་བ་ཀོ་ལྤགས་ཀྱི་གཞིའོ།།
དང་པོ་ནི།སྲ་བརྐྱང་ཞེས་ཀྱང་བྱ།གཏན་པ་ཞེས་ཀྱང་བྱ་བ་དེ་འདིང་བའི་གནས།དབྱར་ཁས་བླངས་པའམ།གདིང་ཁར་མཚམས་གཅིག་ཏུ་བྱས་ལ།དུས་དགག་དབྱེ་ཐོན་པའི་ཕྱི་དེ་ཉིན་ཚེས་བཅུ་དྲུག་ལ།ཡུན་སྤྱིར་གཏང་དུ་ཟླ་བ་ལྔར་འདིང་བ་པོ་དགེ་སློང་སྡོམ་ལྡན་ཤེས་པ་རང་བཞིན་དུ་གནས་པ།ཆོས་གཞན་མ་ཡིན་པ།མཚམས་ཀྱི་ནང་དུ་གནས་པ།དབྱར་སྔ་མ་ཁས་བླངས་ཤིང་མ་རལ་བས་འདིང་བའི་དངོས་པོ་དབྱར་སྔ་མའི་རྙེད་པའི་རྒྱུ་ལས་བྱུང་ཞིང་དགག་དབྱེའི་གོང་དུ་གྲུབ་ཅིང་།འདིང་བའི་ཉིན་ལ་བཟོ་གྲུབ་པ།དགེ་འདུན་གྱི་ཡིན་པ།ཆོས་གོས་གསུམ་རུང་བ་ཚད་ལྡན་ནོ།།
འདིང་བའི་ཆོ་ག་ལ་སྦྱོར་༼༥༤བ༽བ་ནི་རང་རང་གི་ཆོས་གོས་ཀྱི་བྱིན་རླབས་ཕྱུང་སྟེ་དགེ་འདུན་གྱི་ཆོས་གོས་འདི་ནི་སྲ་བརྐྱང་དུ་འདིངས་པར་འགྱུར་རོ་ཞེས་ཚོགས་པར་སྨོས་ནས།བློ་མཐུན་པ་དང་།བྱེད་པ་པོ་གསོལ་གཉིས་ཀྱིས་བསྐོ་བ་དང་།གསོལ་བ་བྱས་ནས་དེ་ལ་གཏད་པ་དང་།དེས་ཀྱང་འདིངས་བར་འགྱུར་རོ།།
འདིང་ངོ་།།
བཏིང་ངོ་སྙམ་པའི་བསམ་པ་གསུམ་བསྐྱེད།ཚོགས་པ་ལ་ཚེ་དང་ལྡན་པ་དག།བདག་སྲ་བརྐྱང་འདིང་བར་འགྱུར་གྱི་ཞེས་སོགས་བརྗོད།ཆོས་གོས་རྣམས་བཀྲུ་བ་དང་།དྲུབ་པ་དང་།ཁ་བསྒྱུར་བའི་ལས་གསུམ་བྱས་ནས་འདུ་བའི་ལས་རྗེས་སུ་བསྒྲུབ་པར་བྱའོ།།
དངོས་གཞི་ནི་བརྐོས་པའི་དགེ་སློང་དེས་སྲ་བརྐྱང་བཏིང་བའི་སྔགས་ལན་གསུམ་བརྗོད།རྗེས་ནི་དགེ་སློང་རེ་རེའི་མདུན་དུ་འདུག་སྟེ།བཏིང་ངོ་ཞེས་ལན་གསུམ་དུ་གོ་བར་བྱས།ས་བརྐྱང་དབྱུང་བ་ནི་ས་བརྐྱང་གིས་མཚམས་གཞན་དུ་ཕྱིན་པ་དང་།སྲ་བརྐྱང་གི་བདག་དུ་བརྐོས་པའི་དགེ་སློང་མཚམས་གཞན་དུ་སྐྱ་རེངས་ཤར་བ་དང་།མཚམས་དེར་གཏོགས་པའི་དགེ་སློང་ཐམས་ཅད་ཚད་པ་སོགས་ཀྱིས་ནང་དུ་སྡོད་མེད་པར་གྱུར་པ་དང་།ལས་ཀྱི་ཆོ་གས་དབྱུང་བའོ།།
བཏིང་བའི་ཕན་ཡོན་ནི།འཆང་འབྲལ་འཇོག་གསུམ་དང་།ཡང་ཡང་ཟ་བ།འདུས་བཤད་ཟ་བ།མ་སྨྲས་པ་གྲོང་འགྲོ།གོས་བསླང་བ་སོགས་ཀྱི་ལྟུང་བ་ཁེགས།འདིང་བ་ལ་གཏོགས་པའི་དགེ་སློང་ཡུལ་གཞན་ན་འདུག་ཀྱང་།སྲ་བརྐྱང་དང་འབྲེལ་བའི་རྙེད་པ་ཐུན་མོང་དུ་དབང་བའོ།།
གཉིས་པ་གོས་ལ་བཅུ་སྟེ།བསྒྱུབ་ལུགས།དབྱེ་བ།སོ་སོའི་མཚན་༼༥༥ན༽ཉིད།བྱིན་རླབས་ཀྱི་ཆོ་ག།འཇིག་པའི་རྒྱུ།འཆང་བའི་བསམ་པ།ལོངས་སྤྱོད་པའི་གང་ཟག།ལོངས་སྤྱོད་པའི་ཆོ་ག།དགོས་པ།མཇུག་ཏུ་ཇི་ལྟར་བྱ་བའོ།།
དང་པོ་ལ།དྲ་བ།དྲུབ་པ།ཁ་བསྒྱུར་བའོ།།
གཉིས་པ་ལ་འཚོ་བ།མཁོ་བ།ལྷག་པའི་ཡོ་བྱད་དོ།།
དང་པོ་ལ།དངོས་དང་།ཡོ་བྱད་ཀྱི་གསོ་གཉིས།དང་པོ་ལ་བཅུ་གསུམ་སྟེ།སྣམ་སྦྱར།བླ་གོས།མཐང་གོས།ཤམས་ཐབས།ཤམ་ཐབས་ཀྱི་གཟན།རྔུལ་གཟན།རྔུལ་གཟན་གྱི་གཟན།གདོང་ཕྱིས།རྣག་གཟན།གཡན་དགབ།སྐྲ་བཟེད།གདིང་བ།རས་ཆེན་ནོ།།
གཉིས་པ་ནི།སྟན་ལ་སོགས་པའོ།།
གསུམ་པ་ལ་འཚོ་བའི་ཡོ་བྱད་ནི།རྒྱུ་རུང་བ་རས་བལ་སོགས་ཧ་ཅང་ངན་པ་དང་།དཔག་བསམ་གྱི་ཤིང་ལས་བྱུང་བ་སོགས་བཟང་བ་མིན་པ།སྲིན་བལ་དང་དར་སོགས་རུང་བ་བདུན་པོ་རྣམས་ལ་གྲུབ་པ།ཁ་དོག་ངུར་སྨྲིག་དང་།སྔོན་པོ་དང་།བཙག་གིས་ུ༈༈༈ར་བ།སྤུ་ཅན།ལུག་རུ་འཁྱིམ་ལྟ་བུ་མ་བཀག་ཅིང་གནང་བའོ།།
ཤམ་ཐབས་ཀྱི་གཟན་ཤམ་ཐབས་དང་མཉམ་ལ།གདོང་ཕྱིས་ཁྲུ་གང་བ།རྣག་གཟན་བླ་གོས་དང་མཉམ་པ།གཡན་དགབ་སྲིད་དུ་ཁྲུ་དྲུག་དང་ཞེང་ཁྲུ་གསུམ།སྐྲ་བཟེད་ཞེང་དུ་ཁྲུ་ཕྱེད་དང་གཉིས་པ།སྲིད་དུ་ཁྲུ་གསུམ།རྔུལ་གཟན་དང་རྔུལ་གཟན་གྱི་གཟན་བླ་གོས་དང་མཉམ་པ།འཚོ་བའི་དོན་དུ་ནི་རེ་རེ་གནང་གི།གཉིས་པ་ལ་སོགས་མ་གནང་ཞིང་།རང་མིང་གིས་རློབ་པའོ།།
མཁོ་བའི་༼༥༥བ༽ཡོ་བྱད་ནི་ཁྲུ་གང་ཡན་ཆད་རང་གཞན་ཐུན་མོང་གི་དོན་དུ་བརླབས་པའོ།།
ལྷག་པོ་ནི་གཞན་ཁོ་ནའི་དོན་དུ་རློབ་སྟེ།གཞན་ལ་ཡིད་གཏད་དེའི།།
བཞི་པ་ནི།འཚོ་བའི་ཡོ་བྱད་བྱིན་གྱིས་བརླབས་པ་ནི།ལུས་དང་བསམ་པ་རང་བཞིན་དུ་གནས་པ།མཚན་དང་ལྟ་བ་མཐུན་པ།དགེ་སློང་གི་སྡོམ་པ་དག་པ་སྟེ།དགེ་སློང་ཆོས་ལྔ་ལྡན་གྱི་མདུན་དུ་ལྷྭམ་ཕུད།རྒན་ན་ཕྱག་བྱས།འགྲེང་སྟེ་གཉིས་ཀས་ལག་པས་ཆོས་གོས་བཟུང་།བཙུན་པ་དགོངས་སུ་གསོལ།།
བདག་དགེ་སློང་མིང་འདི་ཞེས་བྱ་བའི་ཆོས་གོས་བགྱིས་ལགས་པ།རུང་བ་སྤྱད་པར་འོས་པ་འདི་ཆོས་གོས་སྣམ་སྦྱར་དུ་བྱིན་གྱིས་བརླབ་བོ།།
ཞེས་གསུམ་དང་།ཐབས་ལེགས་བྱའོ།།
ཡོ་བྱད་ཀྱི་གོས་སྟན་སྐ་རག་སོགས་ལ་ཡང་འདོན་པ་བསྒྱུར་རོ།།
མཁོ་བའི་ཡོ་བྱད་ལ།དགོངས་གསོལ།ཡོ་བྱད་འདི་བདག་དང་ཚངས་པ་མཚུངས་པར་སྤྱོད་པའི་མཁོ་བའི་ཡོ་བྱད་ཀྱི་གོས་སུ་བྱིན་གྱིས་བརླབ་བོ།།
གསུམ་དང་ཐབས་ལེགས།ལྷག་པོའི་བྱིན་རླབས་ནི།དགོངས་གསོལ།བདག་དགེ་སློང་མིང་འདི་ཞེས་བྱ་བའི་ཡོ་བྱད་རུང་བ་མ་བགྱིས་པ།རུང་བར་བགྱི་བར་འོས་པ་འདི་མཁན་པོ་རུང་བར་བགྱིའོ།།
མཁན་པོ་ལ་ཡིད་བརྟན་ཏེ་བཅང་བར་བགྱིའོ།།
གསུམ་དང་ཐབས་ལེགས་བྱའོ།།
ལྔ་པ་ལ་དགེ་སློང་ལས་ཉམས་པ་སྤང་པ།བསྔོས་པ།འཕྲོག་པ།བརླག་པ།བྱིན་རླབས་ཕྱུང་བ།གཞན་ལ་ཡིད་བརྟེན་པ།ཤི་བ་ལ་ཤི་བར་ཤེས་པས་འཇིག་གོ།དྲུག་པ་ནི།རྣམ་སྦྱར་ནི་མུ་སྟེགས་པ་དང་མ་རྫོགས་པ་ལས་ཁྱད་པར་དུ་བྱ་བ།༼༥༦ན༽བླ་གོས་མཐང་གོས་ནི་སྟོད་སྨད་གཅེར་བ་སྤང་བའི་དོན་དང་།ཡོ་བྱད་ཐམས་ཅད་མི་རྟག་པའི་བསམ་པས་བཅང་ཞིང་།མཁོ་བའི་ནི་དཀོན་མཆོག་མཆོད་པའམ།ཆོས་ཕྱིར་ལུས་གསོ་བའི་དོན་དང་།ལྷག་པོ་ནི་མཁན་པོ་སོགས་ཀྱི་དོན་དུ་བསམ་པའོ།།
བདུན་པ་ནི།སྤྱིར་རབ་བྱུང་ཚུལ་ཁྲིམས་དང་ལྡན་པ་དང་།སྣམ་སྦྱར་ནི་དགེ་སློང་གིས་སོ།།
བརྒྱད་པ་ནི།ཆུད་འཛད་པ་དང་མ་གུས་པ་དང་།རྟགས་གཞན་དུ་གྱུར་པ་སོགས་སྤངས་ཏེ་བཅང་བར་བྱའོ།།
དགུ་པ་བསླབ་པའི་དགོས་པ་ནི།དངོས་སུ་ལྷག་པོ་བཅང་བ་སོགས་ཀྱི་ལྟུང་བ་ཁེགས་ཤིང་།བརྒྱུད་ནས་གོས་ལ་ཞེན་པ་དང་བྲལ་བའོ།།
བཅུ་པ་ལ་རྙིང་ཞིང་ཟད་ན་ལྷག་པོ་བླན།ཟུང་གདབ།རལ་ན་བཙེམ་བཅོས་མི་རུང་ན་སྦྱིན་བདག་གི་ཆེད་དུ་འཇིམ་པ་དང་བསྲེས་ནས་གཙུག་ལག་ཁང་གི་ཞལ་གསོ་བྱའོ།།
གསུམ་པ་ཀོ་ལྤགས་ཀྱི་གཞི་ལས།མཐའ་འཁོབ་ཏུ་ལྷྭམ་དང་ཀོ་ལྤགས་བསྟེན་དུ་རུང་ཞིང་།དེའི་ཁྱད་པར་ཁྲ་བོ་དང་།གསེར་སོགས་ཀྱིས་སྤྲད་པ་དང་།སྒྲ་སྒྲོག་པ་དང་།མཐིལ་རིམ་པ་གཉིས་མི་རུང་ཞིང་།གླ་ང་པོ་ཆེ་དང་།སྟག།སེང་གེ།རྟ་བོང་སོགས་ཀྱི་རྐོ་ལྤགས་མི་སྦྱར་རོ།།
གཉིས་པ་བདེ་བར་གནས་པའི་རྐྱེན་སྨན་ལ།དངོས་དང་།གང་གིས་ལོངས་སྤྱོད་པ།རུང་ཁང་ཇི་ལྟར་བྱ་བའོ།།
དང་པོ་ལ།ངོ་བོ།མཚན་ཉིད།མིང་འདོགས་པའི་རྒྱུ།དགོས་པ།བསྟེན་ཚུལ།བྱིན་གྱིས་བརླབ་པའི་ཚུལ་ལོ།།
དང་པོ་ནི།དུས་སུ་རུང་བ།།
ན་ཚོད་དུ་རུང་བ།ཞག་བདུན་པ།༼༥༦བ༽འཚོ་བའི་བར་དུ་བཅང་བའོ།།
དང་པོ་ནི།བཟའ་བ་ལྔ་དང་།བཅའ་བ་ལྔ་སོགས་སྐྱ་རེངས་ཤར་ནས་གུང་ཚིག་གི་ཐུན་ལ་བརྟེན་དུ་རུང་བའོ།།
ཐུན་ཚོད་དུ་རུང་བ་ནི།ཙོ་ཙ་དང་།ཆུ་ཤིང་གི་འབྲས་བུ་དང་།རྒྱ་ཤུག་དང་།ཨ་ཤཱཏྠ་དང་།ཨུ་དུམ་ཝཱ་ར་དང་།པ་རུ་ཤ་ཀ་དང་།རྒུན་ཆུ་དང་།འབྲ་གོའི་ལྟུང་བ་སྟེ།བཅོས་པའི་ཚྭ་དང་།འབྲུའི་ཚྭ་དང་།ཞོ་ཁ་ཆུ་དང་།དར་བའི་དྭངས་མ།རྩ་བ་མོ་རུང་ཆུ་བཏབ་པ།ཚགས་ཀྱིས་བཙགས་པ།སླ་བ་བཞིན་སྣང་བའོ།།
ཞག་བདུན་པ་ནི་འབྲུ་མར་དང་།ཞུན་མར་དང་།སྦྲང་རྩི་དང་།བུ་རམ་གྱི་དབུ་བའོ།།
མར་དཀར་ཞག་བདུན་པ་ཡིན་མིན་དུ་འདོད་ལུགས་གཉིས་ལས།དེ་ལྟར་བྱིན་གྱིས་བརླབས་པ་ནད་པ་དང་།ལམ་ཞུགས་དང་།དགེ་བརྐོས་དང་ལག་གི་གླ་རྣམས་ཀྱིས་བསྟེན་དུ་རུང་ལ།གཞན་གྱིས་མི་རུང་།འཚོ་བཅང་ནི་མེ་ཏོག་དང་འདབ་མ་དང་རྩ་བ་དང་འབྲས་བུའི་སྨན་ཏེ་ཨ་བར་སྐྱུར་གསུམ་སོགས་སོ།།
གཉིས་པ་ལ།དུས་རུང་གིས་བཀྲེས་པ་སེལ་བ་ལ་གཙོ་བོར་གྱུར་ཅིང་ཕྱི་དྲོ་བཟར་མི་རུང་བའོ།།
ཐུན་ཚོད་དུ་རུང་བ་ནི་རབ་བྱུང་གནང་ཞིང་།སྐོམ་པ་སེལ་བ་ལ་གཙོ་བོར་གྱུར་པ།བཏུང་བ་དེའི་དང་སྦྱོར་ཐུན་དང་པོ་ལ་གཡོས་སུ་བྱས་པ་ཐུན་གཉིས་པར་མི་བཏུང་བའོ།།
ཞག་བདུན་པ་ནི།བཀྲེས་པ་དང་རླུང་ནད་སེལ་ཞིང་བྱིན་གྱིས་མ་བརླབས་ན་དུས་ཐམས་ཅད་དུ་རུང་ལ།བྱིན་གྱིས་བརླབས་ན་ཞག་བདུན་ལས་ལྷག་པོར་མི་རློབ་པའོ།།
འཚོ་བཅང་ནི་ནད་སེལ་བ་ལ་གཙོ་བོར་གྱུར་ཅིང་།ནད་ཞི་བའི་༼༥༧ན༽མཐའ་ཚུན་ཆད་དུ་རུང་བའོ།།
གསུམ་པ་ནི།སྔ་དྲོའི་དུས་ཁོ་ན་སོགས་རང་མིང་གིས་ཤེས་པའོ།།
བཞི་པ་ནི་བཀྲེས་པ་སོགས་གོང་བཞིན་ནོ།།
ལྔ་པ་ནི།མིག་སྨན་དང་དོམ་ལྤགས་སོགས་ལུས་ཀྱིས་བསྟེན་པ་དང་།ནད་པས་དུས་རུང་དུས་མིན་དུ་བསྟེན་པའོ།།
དྲུག་པ་ནི།།
ན་ཚོད་དུ་རུང་བ་ལ་སྔ་དྲོ་རུང་ཆུ་གཏོར།བྱིན་ལེན་བྱས་ནས་ཡུལ་རྟེན་གཉིས་ཀ་འགྲེང་སྟེ་ལག་པ་གཡོན་དུ་བཞག་ནས་གཡས་པ་བཀབ་ཏེ་དགོངས་གསོལ།བདག་མིང་འདི་ཞེས་བྱ་བའི་ཐུན་ཚོད་དུ་རུང་བའི་སྨན་འདི་བདག་དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་བགྱི་བར་ཐུན་ཚོད་དུ་རུང་བར་བྱིན་གྱིས་བརླབ་བོ།།
ཞེས་གསུམ་དང་།ཐབས་ལེགས་བྱའོ།།
ཞག་བདུན་པ་དང་འཚོ་བཅང་ལའང་དེ་བཞིན་ནོ།།
ལྷག་པོའི་སྨན་བྱིན་གྱིས་རློབ་ན།དགོངས་གསོལ།བདག་མིང་འདི་ཞེས་བགྱི་བའི་སྨན་ལྷག་པོ་རུང་བ་མ་བགྱིས་པ།རུང་བ་བགྱི་བར་འོས་པ་འདི་མཁན་པོའི་ལག་པར་རུང་བར་བགྱིའོ།།
མཁན་པོ་ལ་ཡིད་གཏད་དེ་བཅང་བར་བགྱིའོ།།
རྐྱེན་ཇི་ལྟ་བ་བཞིན་དུ་བཅང་བར་བགྱིའོ།།
ཞེས་གསུམ་དང་།ཐབས་ལེགས་བྱ།བྱིན་རླབས་དབྱུང་བ་ནི།དགོངས་གསོལ།བདག་མིང་འདི་ཞེས་བགྱི་བའི་སྨན་འདི་གང་གི་ཐུན་ཚོད་དུ་རུང་བར་བྱིན་གྱིས་བརླབས་པ་ལས།དེ་ལྟ་བས་ན་དངོས་པོ་དེ་ཉིད་སླར་དབྱུང་བར་བགྱིའོ།།
ཞེས་གསུམ་དང་།ཐབས་ལེགས།ལྷག་པའི་དབྱུང་བ་ནི།དགོངས་གསོལ།བདག་མིང་འདི་ཞེས་བགྱི་བའི་སྨན་ལྷག་པོ་༼༥༧བ༽འདི་གང་གི་ཚེ་མཁན་པོའི་ལག་པར་རུང་བར་བགྱིས་པ་ལ།དེ་ལྟ་བས་ན་དངོས་པོ་དེ་ཉིད་སླར་དབྱུང་བར་བགྱིའོ།།
ཞེས་གསུམ་དང་།ཐབས་ལེགས་བྱའོ།།
འཇིག་རྒྱུ་ནི།བྱིན་ལེན་ཞིག་པ་དང་།རོ་འགྱུར་བ།ཆོ་གས་ཕྱུང་བ།རང་རང་གི་དུས་འདས་པའོ།།
གཉིས་པ་གང་གིས་ལོངས་སྤྱོད་པ་ནི།སྤྱིར་བཏང་དུ་རབ་བྱུང་ཚུལ་ཁྲིམས་རྣམ་དག་དང་ལྡན་པ་མྱང་འདས་ཀྱི་བསམ་པ་ཅན་གྱིས་བཅང་ཞིང་།དམིགས་བསལ་ཕ་མ་སོགས་སློང་བ་ལ་སྦྱིན་ནོ།།
སྨན་གྱི་སྣོད་ལྷུང་བཟེད་རློབ་པ་ནི།ཡུལ་དང་རྟེན་གཉིས་ཀ་འགྲེང་སྟེ་གཉིས་ཀའི་ལག་པ་གཡོན་པར་ལྷུང་བཟེད་བཞག།གཡས་པ་གཉིས་ཀས་སྟེང་དུ་བཀབ་སྟེ་དགོངས་གསོལ།བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ལྷུང་བཟེད་ཟས་ལ་སྤྱད་པར་འོས་པ་དྲང་སྲོང་གི་སྣོད་འདི་སློང་བའི་སྣོད་དུ་བྱིན་གྱིས་བརླབ་བོ།།
ཞེས་གསུམ་དང་ཐབས་ལེགས་བྱ།ལྷུང་བཟེད་མཁོ་བ་དང་ལྷག་པ་ལ་ཡང་གོས་ཀྱི་སྐབས་བཞིན་འདོན་པ་བསྒྱུར།དབྱུང་བ་ནི།ལག་པ་གཡས་པས་ཁ་ནས་བཟུང་སྟེ་དགོངས་གསོལ།བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ལྷུང་བཟེད་ཟས་ལ་སྤྱད་པར་འོས་པ།དྲང་སྲོང་གི་སྣོད་འདི་བསླང་བའི་སྣོད་དུ་བྱིན་གྱིས་བརླབས་པ་ལས།རྐྱེན་དེ་ལྟ་བས་ན་དངོས་པོ་སླར་དབྱུང་བར་བགྱིའོ།།
ཞེས་གསུམ་དང་ཐབས་ལེགས་བྱ།གསུམ་པ་རུང་ཁང་བྱིན་གྱིས་བརླབ་པ་ནི།གནས་སྒོ་ཁང་དང་ཤིང་དྲུང་དང་གླ་ང་པོའི་ར་བ་སོགས་མིན་པ།གནས་ཉེ་འཁོར་ཅན་དང་།བླ་གབ་ཅན་ཡིན་པ།རུང་ཁང་དུ་བྱིན་གྱིས་མ་༼༥༨ན༽བརླབས་པ་ལ།དགེ་འདུན་ནམ་གང་ཟག་གི་དོན་དུ་རློབ་ཚུལ་བཞི་སྟེ།རྡོ་བཏེག་པའི་མཐའ་ལས་དབྱུང་བ།ཕྱིས་ལས་གསར་པ་དང་བཅས་པའི་དུས་སུ་བྱུང་བ།དགེ་སློང་གནས་པ་དང་མ་བྲལ་བའི་དུས་སུ་བྱུང་བ།གང་ཟག་གཅིག་པུའམ་གྲོགས་དང་བཅས་པའི་དུས་སུ་བྱུང་བ་སྟེ་བཞི་ལས།དང་པོ་དང་བཞི་པ་ནི།སོ་ཕག་འགྲེམ་དུས་ལག་གི་བླས་གྲོགས་བཅས་འདུག་པའི་སྤྱོད་ལམ་གྱིས།གཞི་འདི་ནི་དགེ་འདུན་གྱི་རུང་ཁང་དུ་འགྱུར་རོ།།
ཞེས་གསལ་ཞིང་ཚིག་ཏུ་བརྗོད་དོ།།
གཉིས་པ་ནི།དུས་དེར་དགེ་སློང་མང་པོ་འདུག་ལ་གཅིག་ཅར་ཚེ་དང་ལྡན་པ་དག་གཞི་འདི་ནི་དགེ་འདུན་གྱི་རུང་བའི་ཁང་པར་འགྱུར་བར་སེམས་སྡུད་ཤིག་ཅེས་བརྗོད།།
གསུམ་པ་ནི།དགེ་འདུན་གྱི་དབུས་སུ་ལས་མཁན་གྱིས་དགེ་གསོལ།གནས་ཐམས་ཅད་གྲུབ་པའམ།བགྱིས་པའམ།ལགས་པ་ནང་མཚམས་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་རུང་བའི་ཁང་པར་བློ་མཐུན་པར་བཞེད་ན།གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན།དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་།དགེ་འདུན་གྱི་གནས་ཐམས་ཅད་གྲུབ་པའམ།བགྱིས་པའམ།ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་རུང་བའི་ཁང་པར་བློ་མཐུན་པར་བགྱིའོ།།
འདི་ནི་གསོལ་བའོ།།
བརྗོད་པ་མཇུག་སྡུད་དང་བཅས་པ་ལ་ཐུགས་གཏད་པར་ཞུ།དགེ་གསོལ།གནས་ཐམས་ཅད་གྲུབ་པའམ།བགྱི་བའམ།ལག་པ་༼༥༨བ༽ནང་མཚམས་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་རུང་ཁང་གི་གནས་སུ་བཞེད་དེ།དེའི་སླད་དུ་དགེ་འདུན་གྱིས་གནས་ཐམས་ཅད་གྲུབ་པའམ་བགྱིས་པའམ་ལགས་པ་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་རུང་བའི་ཁང་པར་བློ་མཐུན་པར་བགྱི་ན།ཚེ་དང་ལྡན་པ་གང་དག་གནས་ཐམས་ཅད་གྲུབ་པའམ་བགྱིས་པའམ་ལགས་པ་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱིས་རུང་བའི་ཁང་པར་བློ་མཐུན་པར་མཛད་པ་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག།གང་དག་མི་བཟོད་པ་དེ་དག་གིས་ནི་གསུངས་ཤིག།དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱི་གནས་ཐམས་ཅད་གྲུབ་པའམ།བགྱིས་པའམ།ལགས་པ་ནང་མཚམས་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱིས་རུང་བའི་ཁང་པར་བློ་མཐུན་པར་བགྱིས་ལགས་ཏེ།འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ།།
གྲུབ་བགྱིས་ལགས་གསུམ་སྐབས་གང་ཡིན་བརྗོད།།
འདི་ཡན་དགེ་འདུན་གྱི་དབང་དུ་བྱས་ནས།གང་ཟག་གི་དབང་དུ་བྱས་པ་ལ་འདི་སྐད་ཅེས།བདག་གི་བསླབ་པ་རྣམས་ལ་མི་གུས་པ་མ་ལགས་ཏེ་ཅི་ལྟར་སངས་རྒྱས་བཅོམ་ལྡན་འདས་མཁྱེན་པ་དང་ལྡན་པ་གཟིགས་པ་དང་ལྡན་པ་རྣམས་ཀྱིས་རུང་བའི་ཁང་པ་དང་ཟས་ཀྱི་ཁང་པར་ཡོངས་སུ་ལོངས་སྤྱོད་པ་མཁྱེན་ཅིང་གཟིགས་པ་དེ་ལྟ་བུར་འདི་བདག་གི་ཕྱིར་དྲན་པ་ཉེ་བར་འཇོག་གོ།དེར་བདག་གིས་ཚངས་སྤྱོད་པས་རྗེས་སུ་འཛིན་པར་གྱུར་༼༥༩ན༽ཅིག་ཅེས་སེམས་བསྐྱེད་ཅིང་ཚིག་ཏུ་བརྗོད་དོ།།
ཡང་བརྩོན་འགྲུས་ཀྱི་འཇུག་པ་ཞན་པའི་གང་ཟག་གི་རུང་ཁང་བྱིན་རླབས་དང་།གཉུག་མར་གནས་པའི་གན་དུ་གློ་བུར་འོང་བའི་དགེ་སློང་གི་རུང་ཁང་བྱིན་གྱིས་རློབ་ཚུལ་ལས།དང་པོ་ནི།གནས་དེར་འདུག་ལ་འདི་སྐད་ཅེས་བསླབ་པ་རྗེས་སུ་བཟུང་བའི་ཕྱིར།སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཅི་ཙམ་དུ་གང་ཞིག་རུང་བ་གང་ཅུང་ཟད་བཅས་པ་བདག་གི་རང་དབང་མེད་པ་སྟེ།ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་མཁྱེན་པ་དང་ལྡན་པ་གཟིགས་པ་དང་ལྡན་པ་དགག་གིས་རུང་བའི་ཁང་པ་དང་ཟས་ཀྱི་ཁང་པར་ཡོངས་སུ་སྤྱོད་ན་མཁྱེན་ཅིང་གཟིགས་པ་དང་ལྡན་པ་དག་གི་ཕྱིར་ཉེ་བར་འཇོག་གོ།དེས་ཚངས་སྤྱོད་རྗེས་སུ་འཛིན་པར་གྱུར་ཅིག།དེ་ཚིག་ཏུ་ཡང་བརྗོད་དོ།།
གཉིས་པ་ནི།གློ་བུར་དུ་འོངས་པ་རྣམས་ངལ་མ་བསོས་པ་ཁུར་ཁྱེར་བཞིན་པ་ཐམས་ཅད་འདུག་ལ།ཚེ་དང་ལྡན་པ་དག་གཞི་འདི་ནི་དགེ་འདུན་གྱི་རུང་ཁང་དུ་འགྱུར་རོ།།
ཞེས་གཅིག་ཅར་བརྗོད།དེ་ན་བྱ་བ་འདི་ཐམས་ཅད་ལས་ལ་རག་ལས་ཤིང་།ལས་བརྒྱ་རྩ་གཅིག་ཡོད་པ་ལས།གསོལ་བའི་ལས་ཉེར་བཞི།གསོལ་གཉིས་ཀྱི་ལས་ཞེ་འདུན།གསོལ་བཞིའི་ལས་སུམ་ཅུའོ།།
ད་ནི་ཉམས་པ་ཕྱིར་བཅོས་ལ།ལྟུང་བ་ཕྱིར་བཅོས་དང་རྩོད་པ་ཕྱིར་བཅོས་གཉིས་ལས།དང་པོ་གཞུང་གིས་མ་ཟིན་པ་ཁ་བསྐ་ང་སྟེ་བཤད་ན།མི་སྤྲོ་བ་ནན་ཏུར་གྱི་སྒོ་ནས་ཕྱིར་བཅོས།སྤྲོ་བ་མཐོལ་བཤགས་ཀྱི་སྒོ་ནས་ཕྱིར་བཅོས་ལས།དང་པོ་ནི།དགེ་སློང་ཕ་མའི་དབང་དུ་བྱས་ནས་སྡིག་༼༥༩བ༽སྨད་བསྐྲད།ཕྱིར་འགྱེད་པ་དང་བཞི།གནས་དབྱུང་བདུན།གསོ་དགག་བཞག་པ་གཉིས་ཏེ་བཅུ་གསུམ།གནས་དབྱུང་བདུན་གཅིག་ཏུ་བསྡུས་ནས་བཅུ་གསུམ་པོ་དེ་ནན་ཏུར་བདུན་དུ་འཇོག།བཅུ་གསུམ་པོའི་ཁར་དགེ་ཚུལ་གཉིས་དང་བཅུ་བཞི།ཁྱིམ་པ་ལ་ལྷུང་བཟེད་ཁ་སྦུབ་པ་དང་བཅོ་ལྔའོ།།
དེ་ལས་སྡིག་པ་ནི་འཐབ་འཁྲོལ་བྱེད་པ་ལ་གསོལ་བཞིའི་ལས་ཀྱིས་བསྡིགས་ཤིང་།དེས་མ་ཐུབ་ན་གནས་དབྱུང་གིས་བསྡིགས་པའོ།།
སྨད་པ་ནི་ལྷག་མའི་ལྟུང་བ་ཕྱིར་མི་འཆོས་པ་རྒྱུན་དུ་བྱེད་པ་ལ་གཉེན་པོ་ཆུང་བའི་སྒོ་ནས་སྨད་པའོ།།
བསྐྲད་པ་ནི་ཁྱིམ་སུན་འབྱིན་པ་སུན་འབྱིན་པའི་གནས་དེ་ནས་བསྐྲད་པའོ།།
ཕྱིར་འགྱེད་ནི་ཁྱིམ་པ་སོགས་ལ་བརྙས་ཐབས་བྱེད་པ་ལ་གང་ཟག་མཛའ་བ་དང་།ཡིད་བཅུགས་པ་ལ་ཕྱིར་འགྱེད་པར་བྱེད་པའོ།།
གནས་དབྱུང་བདུན་ནི་ལྷག་མ་སོགས་ལྟུང་བ་བྱུང་བར་གྲགས་ཤིང་།མ་མཐོང་པ་སྨྲ་བས་གནས་ནས་དབྱུང་བ་དང་།ལྟུང་བ་བྱུང་ཡང་མེད་ཅེས་སྨྲ་བ་ཕྱིར་མི་འཆོས་པ་དང་།མྱོས་འགྱུར་འཐུང་བ་ལྟ་བུ་སྡིག་ལྟ་མི་གཏོང་བ་དང་།འཐབ་བཀྲོལ་བྱེད་པ་དང་།རྣམ་པར་གཏན་ལ་འབེབས་པ་ལས་གྱུར་པ་ཉེ་བར་མ་ཞི་བ་དང་།འཐབ་དཀྲོལ་གྱི་རྒྱུ་བསྒྲུབས་པ་དང་།དགེ་སློང་མ་རྣམས་དང་གཞོག་བཏེགས་དང་འཕྱར་གཡེང་གིས་འདྲིས་པར་བྱེད་པ་གནས་ནས་དབྱུང་བའོ།།
གསོ་སྦྱོང་བཞག་པ་ནི།གདམས་ངག་བཞག་པས་མ་ཐུལ་ན་དགེ་འདུན་དང་ལྷན་ཅིག་གསོ་སྦྱོང་ཉམས་སུ་མྱོང་མི་གཞུག་པའོ།།
དགག་དབྱེ་བཞག་པ་ནི།དེས་༼༦༠ན༽མ་ཐུལ་ན་དེ་བཞག་པའོ།།
ལྷུང་བཟེད་ཁ་སྦུབ་ནི་ཁྱིམ་པས་རབ་བྱུང་ལ་གཤེ་སྐུར་འདེབས་ན་གསོལ་བ་འབའ་ཞིག་པའི་ལས་བྱས་ཏེ།རབ་བྱུང་རྣམས་ཀྱིས་ཆོས་ཟང་ཟིང་གི་ལོངས་སྤྱོད་སྤོང་བའོ།།
ནན་ཏུར་བྱེད་པོ་ནི་དགེ་འདུན་མཚན་ཉིད་པ་དང་།དུས་ནི་དབྱར་མ་ནང་ཡིན་པ་དང་།སེམས་འཁྲུགས་པའི་དུས་མིན་པར་རོ།།
ཚུལ་ནི་སྦྱོར་བ་གླེང་བ་པོ་དགེ་འདུན་གྱིས་བསྐོས་པས་གླེང་དྲན་དང་དངོས་གཞི་གསོལ་བཞིའི་ལས་དང་རྗེས་མཇུག་སྡུད་དང་།འདི་ཉིད་དུ་ལྟུང་བ་ཕྱིར་བཅོས་པར་གྱིས་ཤིག།དགེ་འདུན་གྱིས་ཁྱོད་བག་ཡངས་སུ་བྱེད་པར་འགྱུར་རོ་ཞེས་བརྗོད།།
གཉིས་པ་ལ།ཕམ་པ་འཆབ་བཅས་ཀྱི་བཤགས་ཚུལ།ཕམ་པ་འཆབ་མེད་ཀྱི་ལྟུང་བ་ཕྱིར་བཅོས་ཚུལ།ཕམ་མེད་ཚུལ་ལྡན་གྱི་ལྟུང་བ་ཕྱིར་བཅོས་ཚུལ་ལོ།།
དང་པོ་ནི།ཕམ་པ་བྱུང་ནས་སྐྱ་རེངས་ཕྱི་མ་མ་ཤར་གྱི་བར་དུ་སྨྲ་ཤེས་དོན་གོ་བ་ལ་མ་མཐོལ་ན་ཚེ་འདིར་འབྲས་བུ་ཐོབ་རུང་གི་རྒྱུད་དག་པར་གྱུར་པའི་སྡོམ་པ་སོར་མི་ཆུད་པས་དངོས་ལ་བཤགས་པ་མ་གསུངས།སྦྱོར་བའི་སྦྱོར་བ་དང་སྦྱོར་བའི་ཕྱིར་བཅོས་གསུངས་སོ།།
གཉིས་པ་ནི།བསླབ་པ་མ་ཕུལ་བར་ཕམ་པ་གང་རུང་བྱུང་ནས་ཡེ་མ་བཅབ་པའམ།ཞག་དེའི་ཕྱིར་ཉིན་སྐྱ་རེངས་མ་ཤར་གོང་དུ་མཐོལ་ཡུལ་ཐ་སྙད་ལྔ་ལྡན་ལ་མཐོལ་བར་བྱས་པ་ལ་བསླབ་པ་སྦྱིན་པར་གསུངས་པ་ནི་གནོང་འགྱོད་དྲག་པོ་དང་བཅས་ཏེ་དགེ་འདུན་གྱི་དྲུང་དུ་ཕྱིན།རྗེས་བཟུང་ཞུས་ནས།དགེ་འདུན་གྱི་ལས་བྱེད་པོས་ལྟུང་མཐུན་རྣམས་བྱིན་གྱིས་བརླབས་༼༦༠བ༽གནས་ལ་བློ་མཐུན་མངོན་དུ་བྱས་ནས།བསྒྲུབ་བྱས་གསོལ་བ་ལན་གསུམ་དུ་བཏབ་སྟེ།ལས་བྱེད་པས་གསོལ་བཞིའི་ལས་ཀྱིས་བསླབ་སྦྱིན་བྱིན་ཏེ་དགེ་སློང་དུ་བསྒྲུབས་ནས་དགེ་སློང་སྤོ་མགུ་སྤྱོད་པ་རྣམས་ཀྱི་གྲལ་གྱི་འོག་དགེ་ཚུལ་རྣམས་ཀྱི་གོང་དུ་སྤོ།རང་གི་སློབ་མ་མ་གཏོགས་དགེ་སློང་རང་བཞིན་དུ་གནས་པའི་ཕྱག་དང་བཀུར་བསྟི་མི་ལེན།སྟན་མཉམ་པོར་མི་འདུག།གནས་ཀྱི་སློབ་དཔོན་དང་སྡོམ་པ་མི་སྦྱིན།མདོ་མི་འདོན།ལས་ཀྱི་ཁ་སྐོང་མི་བྱ།དགེ་སློང་གི་བསླབ་བྱ་ཇི་ལྟ་བ་བཞིན་བསྲུང་བའོ།།
གསུམ་པ་ལ།དང་པོར་ལྷག་མ་བཅུ་གསུམ་གྱི་ལྟུང་བ་བཤགས་པ་ནི།ལྟུང་བ་ཕོག་ནས་སྐྱ་རེངས་མ་ཤར་བར་དགེ་སློང་ལ་མཐོལ།གལ་ཏེ་བཅབས་ན་གང་ཟག་ཁྱད་པར་ཅན་མིན་པས་ཙི་ཙམ་བཅབས་ཀྱི་བར་གྱི་སྤོ་བ་སྤྱད་དགོས་པས་དགེ་འདུན་རྣམས་ལྟུང་མཐུན་བྱིན་རླབས་དང་།གནས་ལ་བློ་མཐུན་བྱས།བསྒྲུབ་བྱས་ཕྱག་བྱས།ཙོག་པུར་སྤོ་བ་སྤྱད་པར་གསོལ་བ་ལན་གསུམ་བཏབ་སྟེ།དགེ་འདུན་གྱི་ལས་བྱེད་པས་གསོལ་བཞིས་སྤོ་བ་བྱིན།བཅབས་པའི་དུས་དང་པོར་མི་དྲན་ན་དུས་དཔག་ཏུ་མེད་པ་ནས་ཞེས་འདོན་པ་བསྒྱུར།སྤོ་སྤྱོད་ཀྱི་ལས་ནི་ཕལ་ཆེར་བསླབ་བྱིན་དང་འདྲ་ལ།འདིས་བྱིན་ལེན་སྟོབ་ཏུ་མི་རུང་།གསོ་སྦྱོང་ལ་གཞན་མེད་ན་མདོ་འདོན་རུང་།གྲལ་མགུ་སྤྱོད་ཀྱི་འོག་ཏུ་བསྡད།ཞག་རེ་བཞིན་འདས་འབྱུང་བརྗོད།ཡུལ་རིང་པོར་སྤོ་བ་སྤྱོད་ན་ཞག་གསུམ་བཞིན་ལན་རེ་བརྗོད།ལྷག་མའི་ལྟུང་བ་གཞན་བཅབས་པ་ཡོད་ན་དེའི་མིང་ནས་སྨོས་ཏེ་ལྷན་ཅིག་སྦྱིན།རིམ་གྱིས་དྲན་ན་སྤོ་༼༦༡ན༽བའི་ཆོ་ག་སྔ་རིམ་ནས་བྱིན་ནས་གཅིག་ཅར་སྤྱད།བཅབས་ཡུན་གང་རིང་དེ་སྤྱད་པས་ཐུང་བ་རྣམས་ནང་དུ་འདུས།སྤོ་བ་ཐེབས་ནས་མགུ་བ་སྤྱོད་དགོས་པ་ལ་སྤོ་བ་སྤྱོད་རིང་ལ་ལྷག་མ་རིས་འདྲ་གཉིས་པ་བྱུང་ནས་བཅབས་ན་སྔ་མ་ཞིག་པས་སྔ་ར་ཇི་ཙམ་བཅབས་པའི་ཚད་དུ་སྤོ་བ་བླངས་ལ་སྤྱད།དེའི་རིང་ལ་རིས་འདྲ་གསུམ་པ་བྱུང་ན་ཡང་གཞི་ནས་བསླངས་པའི་སྤོ་བ་སྤྱད་དགོས་སོ།།