༄༅།། སོ་སོ་ཐར་པའི་མདོའི་འགྲེལ་པ་རིན་ཆེན་འབྱུང་གནས་ཞེས་བྱ་བ་ཀརྨ་པ་མི་བསྐྱོད་རྡོ་རྗེས་མཛད་པ་བཞུགས།

ཞེས་འཇིག་རྟེན་དང་འདུལ་བ་མི་འགལ་བར་ལེགས་པར་ཟས་བཟའ་བ་དང་།ཁམ་ཧ་ཅང་ཆུང་བ་མ་ཡིན།ཆེས་པ་མིན་པ།ཁམ་རན་པ།ཁམ་མ་གཟས་པར་ཁ་མི་གདངས།ཁ་བཀང་སྟེ་མི་སྨྲ་བར་བསླབ་པར་བྱའོ།།
ཙུག་ཙུག་དང་།ཅག་ཅག་དང་།ཧུ་ཧུ་དང་།ཕུ་ཕུ་དང་།ལྕེ་ཕྱུང་སྟེ་བཟའ་བར་མི་བྱའོ།།
འབྲུ་རེ་རེ་ནས་མི་བཟའ།འཕྱས་མི་གདགས།།
མཁུར་བར་མི་སྤོ།རྐན་མི་ཏོག།ཁམ་འཕྲོ་མི་བཅད་པར་བཟའ་བར་བྱའོ།།
ཟས་ཀྱིས་འབགས་པའི་ལག་པ་མི་བལྡག།ལྷུང་བཟེད་མི་འབྱོག་༼༤༩ན༽ལག་པ་མི་སྤྲུག།ལྷུང་བཟེད་དུ་ཟས་མི་སྐྱོམ།ཟས་ལ་མཆོད་རྟེན་འདྲ་བ་བཅོས་ཏེ་མི་ཟ་བར་བསླབ་པར་བྱའོ།།
ལྷུང་བཟེད་སྤྱད་པ་ལ་སོགས་པའི་སྡེ་རྣམས་ནི།སྡོམ་ལ།འཕྱ་ལ་སོགས་པ་རྣམ་པ་བཞི།།
ལྷུང་བཟེད་ལ་ཡང་རྣམ་པ་བཅུ།།
འགྲེང་བ་བྱེད་ལ་སོགས་པ་ལྔ།།
མགོ་གཡོག་ལ་སོགས་རྣམ་པ་ལྔ།།
དོ་ཀེར་ཅན་ལ་སོགས་པ་ལྔ།།
གླ་ང་ཆེན་ལ་སོགས་ཞོན་པ་ལྔ།།
ལག་ན་མཁར་བ་ལ་སོགས་དྲུག།ན་བ་རྣམ་པ་བཞི་རྣམས་སོ།།
ཞེས་པ་ལས་དྲུང་ན་འདུག་པའི་དགེ་སློང་གི་ལྷུང་བཟེད་ལ་འཕྱ་ཕྱིར་མི་བལྟ།འབགས་པས་ལྷུང་བཟེད་མི་བཟུང་།དྲུང་ན་འདུག་པའི་དགེ་སློང་ལ་ཟས་དང་འབགས་པའི་ཆུས་མི་གཏོང་བར་བསླབ་པར་བྱ།སྦྱིན་བདག་ལ་མ་དྲིས་པར་འབགས་ཆུ་མི་དབོ།ལྷུང་བཟེད་དུ་ཟས་ཀྱི་ལྷག་མ་བླུག་སྟེ་མི་འདོར།ཆུ་གཙང་མས་ལྷུང་བཟེད་ལན་གསུམ་བཀྲུས་ཏེ་གཙུག་ལག་གི་ཚིགས་སུ་བཅད་པས་ཆུ་སྦྱིན་དུ་བྱ།འོག་གཞི་མེད་པའི་ཕྱོགས་སུ་མི་བཞག།གད་ཁ་དང་།གཡང་ས་དང་།བཀན་སར་མི་བཞག།འགྲེང་སྟེ་མི་བཀྲུ།གད་ཀ་མ་ཡིན་པ་དང་།གཡང་ས་མ་ཡིན་པ་དང་།དཀན་གཟར་པོ་མ་ཡིན་པར་ལྷུང་བཟེད་བཀྲུ་བར་བསླབ་པར་བྱ།རྒྱུན་ལས་བཟློག་སྟེ་མི་གཅུ།ལམ་མདོར་མི་བཞག།ཆོས་བཤད་པའི་སྡེ་ནི།འདུག་པ་ལ་འགྲེང་སྟེ་དང་།ཉལ་བ་ལ་འདུག་སྟེ་དང་།སྟན་མཐོན་པོ་ལ་དམའ་བ་དང་།མདུན་དུ་འགྲོ་བ་ལ་ཕྱི་ནས་དང་།ལམ་དུ་འགྲོ་བ་ལ་ལམ་འགྲམ་ནས་ཆོས་མི་བཤད་དེ།ན་བ་ནི་མ་གཏོགས་སོ།།
མགོ་གཡོགས་པ་དང་།བརྫེས་པ་དང་།གཟར་བ་དང་།གཉའ་གོང་དུ་བསྣོལ་བ་དང་།ལྟག་པར་བསྣོལ་བ་ལ་ན་བ་མ་གཏོགས་ཏེ་ཆོས་མི་སྟོན།སྐྲ་དོ་ཀེར་ཅན་དང་།ཞྭ་དང་།ཅོད་པན་དང་།ཕྲེང་བ་དང་།མགོ་དཀྲིས་པ་ལ་ན་བ་མ་གཏོགས་༼༤༩བ༽ཏེ་ཆོས་མི་སྟོན།གླ་ང་བོ་ཆེ་དང་།རྟ་དང་།ཁྱོགས་དང་།བཞོན་པའི་སྟེང་ན་སྟེ་ཤིང་རྟ་སོགས་དང་།མཆིལ་ལྷྭམ་གྱོན་པ་ལ་ན་བ་མ་གཏོགས་ཆོས་མི་སྟོན།མཁར་བ་དང་།གདུགས་དང་།མཚོན་དང་།རལ་གྲི་དང་།དགྲ་ཆ་ཐོགས་པ་དང་།གོ་ཆ་གྱོན་པ་ལ་ན་བ་མ་གཏོགས་ཆོས་མི་སྟོན།སྒྲུབ་པའི་སྡེ་ནི།འགྲེང་བ་དང་།ཆུ་དང་།རྩྭ་སྔོན་གྱི་ཕྱོགས་སུ་གཤང་གཅི་མཆིལ་སྣབས་སྐྱུགས་རླུགས་ན་བའི་རྐྱེན་གྱིས་མ་གཏོགས་ཏེ་མི་འདོར།རྒྱུ་བ་དགག་པའི་སྡེ་ནི།གནོད་པ་འབྱུང་བ་མ་གཏོགས་ཤིང་ལ་མི་གང་གིས་མཐོ་བར་མི་འཛེག་པར་བསླབ་བོ།།
འདོན་པ་བསྡུ་བ་ནི་ཚེ་དང་ལྡན་པ་ཞེས་སོ།།
རྣམ་གཞག་བསྒྲགས་པ་ནི་དེ་ལ་ཞེས་སོགས་སོ།།
ད་ནི་སོ་སོར་ཐར་པའི་མདོར་བསླབ་པ་ཡོངས་སྦྱོངས་ཀྱི་གཞི་དང་།བདེ་བར་གནས་པའི་རྐྱེན་གྱི་གཞི་མ་སྨྲོས་ཀྱང་འདིར་ཁ་བསྐ་ངས་ནས་འདོན་པ་ལ།དང་པོ་ཡོངས་སྦྱོང་གི་གཞི་ལ།གསོ་སྦྱོང་།།
དབྱར་གནས།དགག་དབྱེ་སྟེ་གསུམ་ལས།དང་པོ་གསོ་སྦྱོང་གི་དོན་ནི།བསླབ་པ་གསུམ་དག་གསོ་ཞིང་སྦྱོང་བར་བྱེད་པ་སྟེ།མཐུན་པའི་གསོ་སྦྱོང་དང་།ཞི་གནས་ཀྱི་གསོ་སྦྱོང་གཉིས་ལས།དང་པོ་ནི།ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་གསོ་ཞིང་སྦྱོང་བར་བྱེད་ལ།ཕྱི་མས་ནི་བསླབ་པ་ཞི་གནས་ཀྱི་ཏིང་ངེ་འཛིན་གསོ་ཞིང་སྦྱོང་བར་བྱེད་ལ།དེ་གཉིས་ཀས་ཀྱང་བརྒྱུད་ནས་ལྷག་པ་ཤེས་རབ་ཀྱི་བསླབ་པ་གསོ་ཞིང་སྦྱོང་བར་བྱེད་ལ།མཐུན་པའི་གསོ་སྦྱོང་དེ་ལ་ཡང་བཅུ་བཞི་པ་དང་།བཅོ་ལྔ་པ་དང་།བཀྲ་ཤིས་ཀྱི་དང་།གནོད་པ་བཟློག་པའི་དང་།བསྡུམ་པའི་གསོ་སྦྱོང་སྟེ་ལྔ་ལས།བཀྲ་ཤིས་༼༥༠ན༽ཀྱི་ནི་རུང་བ་མིན་པའི་གཞི་བཅུ་སེལ་བ་དང་།རབ་གནས་སོགས་ཀྱི་དུས་སུའོ།།
གནོད་པའི་དུས་ཀྱི་ནི་ནད་ཡམས་སོགས་ཞི་བའི་ཆེད་དུའོ།།
བསྡུམ་པའི་ཕྱིར་ནི་དགེ་འདུན་གྱི་རྩོད་པ་ལ་སོགས་པ་ཞི་བའི་ཆེད་དུའོ།།
བཅུ་བཞི་པ་དང་བཅོ་ལྔ་པ་ནི་ཟླ་བ་ཕྱེད་ཕྱེད་ཅིང་བརྒྱུད་བཅས་རང་གིས་དག་པར་ཁས་ལེན་པའི་དོན་དུ་སྟེ།བེ་ཤ་ཀ་ལས།གསོ་སྦྱོང་ཟླ་ཕྱེད་རེ་རེ་ཡིས།།
སྡིག་རྣམས་ཡོངས་སུ་དག་ཕྱིར་རོ།།
ཞེས་སོ།།
དེ་ལས་ཟླ་བ་ཕྱེད་ཕྱེད་ཅིང་གསོ་སྦྱོང་བྱེད་དགོས་པ་ལ།འདུལ་བ་ལ་ལོ་ལྔ་ནས་ཟླ་ཐེབ་རེ་འདོན་པའི་དབང་དུ་བྱས་ནས།ལོ་གཅིག་ལ་ཞག་མི་ཐུབ་པ་དྲུག་འབྱུང་བའི་དུས་ནི་གསོ་སྦྱོང་བཅུ་བཞི་པར་འཇོག་ལ།དེ་ཡང་ལོ་གཅིག་ལ་དུས་ཚིགས་དྲུག་གི་དབང་དུ་བྱས་ཤིང་།དེ་རེ་རེ་ལ་ཡང་ཟླ་བ་གཉིས་གཉིས་ཀྱི་དབང་དུ་བྱས་ནས།སྤྱི་ལྡོག་དུས་ཚིགས་གསུམ་དུ་བཅད་པའི་དགུན་དཔྱིད་དབྱར་ཟླ་བ་བཞི་བཞིར་བྱས་པ་ལ་དགུན་དཔྱིད་དབྱར་གསུམ་པོ་རེ་རེ་ཞིང་སྟོད་སྨད་གཉིས་སུ་བྱས་ཏེ།ནང་གསེས་ཟླ་བ་གཉིས་གཉིས་སུ་བྱས་པའི་དོན་ལ།མཛོད་ལས།དགུན་དང་དཔྱིད་དང་དབྱར་རྣམས་ཀྱི།།
ཟླ་བ་ཕྱེད་དང་གཉིས་འདས་ཤིང་།།
ཟླ་བ་ཕྱེད་ནི་ལུས་པ་ན།།
མཁས་པས་ཞག་མི་ཐུབ་པར་འདོར།།
ཞེས་དང་།བེ་ཤ་ཀ་ལས།ཁ་བ་སོགས་ཀ་དབྱར་རྣམས་ཀྱི།།
ཟླ་བ་གཉིས་དང་བཞི་ཡི་ནི།།
མར་ངོ་ལ་ནི་བཅུ་བཞི་ཡི།།
གསོ་སྦྱོང་སྡོམ་བརྩོན་དག་གིས་བྱ།།
ས་ག་དང་ནི་ཆུ་སྟོད་དང་།།
དེ་བཞིན་ཁྲུམས་སྨད་སྨིན་དྲུག་དང་།།
རྒྱལ་དང་དབོ་ཞེས་བྱ་༼༥༠བ༽བ་ཉིད།།
དྲུག་པོའི་མར་ངོ་བཅུ་བཞིར་བརྗོད།།
ཅེས་གསུངས་ལ།སྐབས་འདིར་མགོ་རྒྱལ་མཆུ་གསུམ་གྱིས་ཉ་བ་ནི་ཧོར་བཅུ་གཅིག་པ་བཅུ་གཉིས་པ་དང་པོ་སྟེ་དགུན་རབ་འབྲིང་ཐ་གསུམ།དབོ་ནག་པ་ས་ག་གསུམ་གྱིས་ཉ་བ་ནི་ཧོར་ཟླ་གཉིས་པ་གསུམ་པ་བཞི་པ་སྟེ་དཔྱིད་རབ་འབྲིང་ཐ་གསུམ།སྣྲོན་ཆུ་སྟོད་གྲོ་བཞིན་གསུམ་ནི་ཧོར་ཟླ་ལྔ་པ་དྲུག་པ་བདུན་པ་གསུམ་སྟེ་དབྱར་རབ་འབྲིང་ཐ་གསུམ།ཁྲུམས་ཐ་སྐ་ར་རམ་དབྱུག་པ་སྨིན་དྲུག་སྟེ།ཧོར་ཟླ་བརྒྱད་པ་དགུ་པ་བཅུ་པ་ནི་སྟོན་རབ་འབྲིང་ཐ་གསུམ་ལས།ལོ་དྲི་བ་དང་།ཐུབ་པ་དགོངས་རྒྱན་ལས།དབྱར་དགུན་འབྲིང་ཞག་མི་ཐུབ་དང་།།
སྟོན་དཔྱིད་འབྲིང་ཞག་ཐུབ་ཏུ་གསུངས་པ་དང་།།
འདུལ་བ་ཀུན་བཏུས་དང་འགྲེལ་ཆུང་སོགས་ལས།དབྱར་དགུན་འབྲིང་ཞག་ཐུབ་དང་།སྟོན་དཔྱིད་འབྲིང་ཞག་མི་ཐུབ་ཏུ་གསུངས་པ་རྣམས་མི་འགལ་ཏེ།སྔ་མ་ནི་མར་ངོ་སྔོན་འགྲོའི་དབང་དུ་བྱས་པ་དང་།ཕྱི་མ་ནི་ཡར་ངོ་སྔོན་འགྲོའི་དབང་དུ་བྱས་པའོ།།
ཤོལ་འབྱུང་བའི་ཟླ་བ་དེའི་མར་ངོའི་ཞག་ཐུབ་ཏུ་བྱེད་མི་བྱེད་ལ་ལུགས་གཉིས་ལས།ཁ་ཅིག་མི་ཐུབ་པའི་རྗེས་སུ་ཤོལ་བྱུང་ན་མི་ཐུབ་པ།ཐུབ་པའི་རྗེས་སུ་ཤོལ་བྱུང་ན་ཐུབ་པ་དེ་ལྟར་བྱས་ནས།མཐར་ས་ག་དང་ནི་ཆུ་སྟོད་དང་།།
ཞེས་སོགས་ཀྱི་གསོ་སྦྱོང་གི་དུས་མི་འཆུགས་པར་སྨྲ་བ་དང་།ཁ་ཅིག།ཤོལ་ཟླ་ཐམས་ཅད་ཞག་ཐུབ་ཏུ་བྱ་དགོས་ཏེ།ལོ་རེ་རེ་ཞིང་ཞག་མི་ཐུབ་དྲུག་དྲུག་འདོར་བ་དེ་ཉིད་ཀྱིས་ཟླ་ཤོལ་གྱི་ཞག་མི་ཐུབ་འདོར་བ་སོང་བ་ཡིན་གྱི།དེ་ལྟར་མིན་ན་ཧ་ཅང་ཐལ་ཆེས་ཟེར་རོ།།
དེ་ལྟར་གྱི་ཚེ་༼༥༡ན༽དགུན་དང་ཁ་བ་ཞེས་པས་ལོའི་འདོར་བ་དེ་ཉིད་ཀྱི་མགོ་དགུན་ནས་ངོས་འཛིན་པ་ལ་དགུན་ཟླ་དང་པོའི་འཇོག་མཚམས་ལ་མི་འགྲིགས་པ་སྣ་ཚོགས་པར་ཡོད་པར་གྲགས་པ་ལས།ཁ་ཅིག་མདོ་སྡེ་ཉི་སྙིང་ལས།ཟླ་རངས་ཉ་ཚེས་ཐ་སྐ་ར་ཡིན།།
སྟོན་ཟླ་འབྲིང་པོའི་ངོ་ལ་ནི།།
ལོ་སྐོར་བདག་གིས་བརྗོད་པར་བྱ།།
ཟླ་བ་བཅུ་གཉིས་བཤད་པ་ཡིན།།
ཞེས་ཐ་སྐ་ར་གྱི་ཉ་བ་ཧོར་ཟླ་དགུ་པའི་བཅོ་ལྔ་ནས་ལོ་རྫོགས་ནས་དེའི་བཅུ་དྲུག་ནས་ལོ་མགོ་འཛིན་པའི་ལུགས་ཤིག་ཡོད་ལ།མཛོད་ལས།དབྱར་གྱི་ཟླ་བ་གཉིས་པ་ཡི།།
ཐ་མའི་ཚེས་དགུ་ནས་མཚན་རིང་།།
དགུན་རྣམས་ཀྱི་ནི་བཞི་པ་ལ།།
ཐུང་དུར་འགྱུར་རོ་ཉིན་མོ་བཟློག།ཅེས་དང་།དེའི་འགྲེལ་བཤད་དུ།དབྱར་ཟླ་བ་བཞི་ནི།དབྱར་ཟླ་འབྲིང་པོའི་ཉ་ནས་སྟོན་ཟླ་ཐ་ཆུང་གི་ཉའི་བར་བཞི་ལ་བཞག་ལ།།
དེའི་ཚེས་ས་ག་ཟླ་བའི་བཅུ་དྲུག་ནས་སྣྲོན་ཟླ་བའི་བཅོ་ལྔའི་བར་ནི་དབྱར་ཟླ་ར་བ་བར་འཇོག་ལ།དེ་དབྱར་ཟླ་དང་པོ་དང་།སྣྲོན་ཟླ་བའི་བཅུ་དྲུག་ནས་ཆུ་སྟོད་ཀྱི་བཅོ་ལྔའི་བར་ནི་དེའི་ཟླ་བ་གཉིས་པར་འཇོག་ལ།དེའི་གཉིས་པའི་ཐ་མའི་ཚེས་དགུ་ནི་ཧོར་ཟླ་དྲུག་པའི་ཉི་ཤུ་ཙམ་ལ་དབྱར་ཉི་ལྡོག་པས།དེང་སང་གི་ཉི་མ་ལྡོག་མཚམས་དང་ཡང་འགྲིགས་པས།ཧོར་ཟླ་བརྒྱད་པ་ཁྲུམས་ཀྱིས་ཉ་བའི་ཕྱི་དེ་ཉིན་ནས་ལོ་མགོ་འཛིན་པའི་ལུགས་གཅིག་དང་།དེ་ལྟར་ཀྱི་ཚེ་དབྱར་དང་པོའི་ཁས་ལེན་ཟླ་བ་བཞི་པ་ལ་བྱེད་དགོས་ཤིང་།ཡང་ཧོར་ཟླ་བཅུ་པ་སྨིན་དྲུག་གི་ཉ་བའི་ཕྱི་དེ་ཉིན་པར་ནས་མགོ་འཛིན་པའི་ལུགས་དང་གསུམ་ལས།༼༥༡བ༽དང་པོ་ནི།དྲང་སྲོང་རྔ་བོང་གི་དུས་ཀྱི་ཉི་ལྡོག་ལས་ད་ལྟའི་ཉི་ཟློག་རྣམས་ཟླ་བ་གཅིག་དང་ཞག་བཅུ་གཉིས་བཅུ་གསུམ་གྱིས་སྔ་བས་དུས་མི་འགྲིགས་ཞེས་ཟེར་ལ།ཐ་སྐ་ར་གྱིས་ཉ་བའི་ཕྱི་དེ་ཉིན་ནས་འཛིན་པ་ན།གསོ་སྦྱོང་ཞག་མི་ཐུབ་མགོས་ཉ་བ་ལ་འགྲིགས་དགོས་པའི་སྐྱོན་ཡོད་པ་དང་།ཕྱི་མ་ལྟར་ན་དབྱར་ཐོན་པ་དང་།ཆུ་རླབས་བྲི་ཞིང་ལོ་འདབ་སེར་པོ་མ་གྱུར་ཙམ་དུ་དགག་དབྱེ་བྱེད་དགོས་ཤིང་།དེའི་ཚེ་ན་རས་ཆེན་དགག་དབྱེ་ཐོན་ནས་ཟླ་ཕྱེད་དུ་བཅང་བ་ཡང་དོན་ལྡན་དུ་འགྱུར་བས་མི་འཐད་ཅེས་མཁན་ཆེན་ཐམས་ཅད་མཁྱེན་པ་གཉགས་ཕུ་པས་གསུངས།གསོ་སྦྱོང་གི་གནས་ནི་མཚམས་ཆེན་བཅད་པ་དེར་བྱ།མཚམས་ཆེ་ཆུང་གཉིས་ཀ་བཅད་ན་ཆུང་བ་ནས་ཐོན་ཏེ་ཆེ་བར་བྱ།ཆེ་བ་མ་བཅད་ན་གསོ་སྦྱོང་ལ་སོགས་ལས་ཐམས་ཅད་ཆུང་བ་དེར་བྱ།རྩིག་པས་བསྐོར་ན་དེ་ཉིད་མཚམས་ཡིན་ནོ།།