༄༅།། སོ་སོ་ཐར་པའི་མདོའི་འགྲེལ་པ་རིན་ཆེན་འབྱུང་གནས་ཞེས་བྱ་བ་ཀརྨ་པ་མི་བསྐྱོད་རྡོ་རྗེས་མཛད་པ་བཞུགས།

རྟེན་གཞི་དང་བཅས་པ་ནི་ཡང་དང་།སྦྱོར་བ་དམིགས་བསལ་ནི་ཟ་ན་ཞེས་ཏེ།གནས་བྱང་སྒྲ་མི་སྙན་མིན་པར་ནད་པ་ལ་ཕན་པའི་རྐྱེན་མེད་པར་སྨན་བཞི་པོ་གང་རུང་བྱིན་ལེན་མ་བྱས་པ་མེད་པར་བརྩམས་ཏེ་མིད་པ་ན་ལྟུང་བའོ།།
བྱིན་ལེན་ཇི་ལྟར་འོས་པ་ནི།ལེན་པ་པོ་དགེ་སློབ་མ་ཡན་ཆད་བསླབ་པ་གསོ་རུང་།དངོས་པོ་སྨན་བཞི་པོ་སྔ་ར་བྱིན་ལེན་མ་བྱས་པ།སྟོབ་པ་པོ་ནི་བསླབ་བྱ་བྱིན།དགེ་སློང་མ་དང་།དགེ་ཚུལ་མ་མན་ཆད།རྫས་གྱེན་དུ་འདེགས་ནུས།ཁྲུ་གང་ལས་མ་འཕགས་པ།མདུན་དྲང་པོ་ནས་མཚམས་གྱིས་བར་མ་ཆད་པ་ལས་ཐོབ་པའོ།།
དམིགས་བསལ་ནི།སྤྲེའུས་ཤིང་ཐོག་ནས་བྱིན་པ་ལྟ་བུ་དང་།རྟ་ཅང་ཤེས་ལྟ་བུ་ལ་སོགས་༼༤༠ན༽པ་ཡང་མཚོན་ནོ།།
མཚམས་གཞན་མཁའ།མེ་ཆུ།རགས་པ་སྟེ་བཞི་བསྣན་པའམ།འབྲེལ་བར་མ་བྱས་ན་མི་འཐོབ་ལ།ཁ་ཅིག།བདག་པོ་མཚམས་གཞན་ཀྱང་འདོད།བྱིན་ལེན་ལ་ལྔ།ལུས་ཀྱིས་ལུས་སུ་ལེན་པ།ལུས་དང་འབྲེལ་བས་ལུས་དང་འགྲེལ་བ་ལས་ལེན་པ།ལུས་ཀྱིས་ལུས་དང་འབྲེལ་པ་ལས་ལེན་པ།ལུས་དང་འབྲེལ་པས་ལུས་སུ་ལེན་པ།བཞག་པའི་བྱིན་ལེན་དང་ལྔ་ལས།ཟས་འདྲེན་པ་ན་འཕང་བར་ཞོག་ཅེས་པས་བཞག་པ་ཡང་དེར་འགྱུར་རོ།།
བྱིན་ལེན་འཇིག་པའི་རྒྱུ་བརྒྱད་སྟེ།ཞོ་ལས་མར་གྱུར་དངོས་པོ་གཞན་གྱུར།ས་བོན་ལས་མྱུ་གུ་ལྟ་བུ་སྐྱེ་བ་གཞན་གྱུར།དགེ་སློང་མིན་པར་གྱུར་པ་དང་།བྱིན་ལེན་བྱེད་འཕྲོ་རང་གིས་འཕྲོག་པ་དང་།མ་རྫོགས་པ་ལ་བསྔོས་པ་དང་།ལག་པས་ལེན་མི་ནུས་པའི་སར་འདྲིལ་བ་དང་།ནམ་མཁར་སྙོགས་པར་འཕངས་པ་དང་།རང་གིས་མ་བཟུང་བར་བསྙེན་པར་མ་རྫོགས་པས་རེག་པ་རྣམས་སོ།།
སྟོབ་པོ་གཞན་མེད་ན་སྦྱིན་བདག་གིས་བསམ་པ་ཐག་པ་ནས་བཏང་བ་བློས་བཟུང་བ་ལ་ལྟུང་བ་མེད་དོ།།
བྱིན་ལེན་དང་ཤིང་ཐོག་རུང་བ་བྱེད་མཁན་མེད་ན་ཉི་མ་དང་པོར་ཟས་བཅད།དེ་ནས་ཉི་མ་དང་པོར་སྤར་གང་།གཉིས་པ་ལ་སྤར་དོ།གསུམ་པ་ལ་ཇི་ཙམ་ཟོས་ཀྱང་བྱིན་ལེན་དང་རུང་བའི་གོ་ཆོད།ཟ་བའི་ཚེ་སྒྲ་མི་སྙན་ཡིད་ལ་བྱེད་པའོ།།
བསོད་པ་བླང་བ་ལ་བསོད་པའི་དབྱེ་བ་ནི།བཅོམ་ལྡན་འདས་ཞེས་སོ།།
རྟེན་ཆེད་ནི་ཡང་ཞེས་དང་།གཞི་སྦྱོར་བ་དང་བཅས་པ་ནི།ཟས་བསོད་པ་ཞེས་སོ།།
རྟེན་དགེ་སློང་ན་བ་མིན་པ།འོ་མ་དང་ཞོ་སོགས་༼༤༠བ༽ཡུལ་དུས་དེར་རོ་བྲོའམ་བསོད་པར་གྲགས་པ་ཁྱིམ་པ་ཉེ་དུ་མ་ཡིན་པས་ཅི་བདེར་མ་བསྟབས་པ་མིད་པ་ན་ལྟུང་བའོ།།
སྡོམ་ལ།སྲོག་ཆགས་བཅས་དང་ཉལ་བར་འདུག།འགྲེང་དང་གཅེར་བུ་དམག་དང་ནི།།
ཞག་གསུམ་བཤམ་དཀྲུག་འགྲོ་བ་དང་།།
བརྡེག་དང་གཟས་དང་གནས་ངན་ལེན།།
ཅེས་པའི་སྲོག་ཆགས་དང་བཅས་པ་ལ་སྤྱོད་པ་ལ།རྟེན་བསམ་པ་ནི་ཡང་ཞེས་དང་།གཞི་སྦྱོར་བ་ནི་སྲོག་ཆགས་ཞེས་ཏེ།རང་དོན་དུ་སྲོག་ཆགས་དང་བཅས་པའི་ཆུ་ལ་ཁྲུས་དང་།བཏུང་བ་དང་།ཆོས་གོས་སོགས་ཀྱི་ཆེད་དུ་ལོངས་སྤྱོད་པ་དང་།སྲོག་ཆགས་ཅན་གྱི་ཆུ་འབབ་པ་འོག་ཏུ་འགྱུར་བ་དང་།རྩྭ་ཤིང་སོགས་གཅོད་པ་དང་།མེར་འདེབས་པ་སོགས་རང་ངམ་བསྐོས་པས་བརྩམས་ཏེ་སྲོག་ཆགས་ཇི་སྙེད་ཤི་བ་དེ་སྙེད་ཀྱི་ལྟུང་བའོ།།
ཆུ་ཚགས་མེད་པར་ལྗོངས་རྒྱུར་མི་འགྲོ་ཞིང་།ཆུ་ཚགས་ལ་ལྔ་སྟེ།དཔྱངས་ཚགས།བུམ་ཚགས་གཅེའུ་ཅན།གྲུ་གསུམ་ཚགས།རིལ་བ་ཞབས་ཚགས་ཅག།བསལ་ཚགས་དང་ངོ་།ཆུ་རུང་བ་ལྔ་སྟེ།དགེ་འདུན་དང་གང་ཟག་དང་།ཆུ་རུང་བ་དང་།ཡིད་ཆེས་པ་དང་།བརྟགས་ཏེའོ།།
ཉལ་པོ་བྱེད་ཤོམ་ན་འདུག་པ་དང་།རྟེན་བསམ་པ་ནི་ཡང་།གཞི་སྦྱོར་ནི་ཉལ་ཞེས་ཏེ།བར་ཆད་དང་རྐྱེན་དང་མི་ལྡན་བཞིན་དུ་སྐྱེས་པ་བུད་མེད་འཁྲིག་པར་ཞུགས་པའམ་ཕྱོགས་པ་ལ།གནས་གཅིག་ཏུ་སྦྱོར་བ་མངོན་སུམ་དུ་བརྣོགས་ཏེ་འདུག་ནས་དེ་དག་གིས་ཚོར་བ་ལྟུང་བའོ།།
ཉལ་ཤོམ་ནས་འགྲེང་བ་དང་།རྟེན་བསམ་ནི་ཡང་དང་།ཡུལ་སྦྱོར་ནི་ཉལ་ཞེས་༼༤༡ན༽ཏེ།ཁྱད་པར་ནི་འགྲེང་བ་སྟེ་སྔ་མ་བཞིན་ནོ།།
གཅེར་བུ་པ་ལ་སྦྱིན་པའི་རྟེན་ཡུལ་ནི་ཡང་།སྦྱོར་བ་ནི་རང་གི་ཞེས་ཏེ།གཅེར་བུ་པ་ཕོ་མོ་གང་རུང་ཉེ་དུའམ།ནད་པའམ།དགེ་བ་ལ་སྦྱོར་བའི་དོན་མིན་པར་དུས་རུང་གི་ཟས་རང་དང་དེ་གཉིས་ཀས་ཟ་རུང་ལག་གིས་སྟེར་ནས་དེས་ཐོབ་ན་ལྟུང་བའོ།།
དམག་ལ་ལྟ་བ་ལ་རྟེན་གཞི་ཡང་།སྦྱོར་བ་ལྟར་ཞེས་ཏེ།རྐྱེན་དང་མི་ལྡན་པའི་དགེ་སློང་གིས་ཁྱིམ་པའི་དམག་མཚན་ཉིད་དང་ལྡན་པ་འཐབ་པའམ་འཐབ་ཏུ་བཅུག་པ་རྒྱལ་པོ་སོགས་ཀྱིས་བཀུག་པ་མིན་པར་ཀུན་སློང་ལྟ་འདོད་ཀྱིས་གནས་ཉེ་འཁོར་དང་བཅས་པ་འདས་ཏེ་བལྟ་བར་བརྩམས་ནས་མཐོང་ན་ལྟུང་བའོ།།
དམག་གི་ནང་ན་གནས་པའི་རྟེན་གནང་ཚད་ནི་ཡང་།འདས་པ་ནི་དེ་ལ་ཞེས་ཏེ།གནས་དམག་ནང་དུ་རྒྱལ་པོ་སོགས་ཀྱིས་བཀུག་པ་མ་ཡིན་པར་མཚན་མོ་གཉིས་ལས་འདས་ཏེ།སྐྱ་རེངས་ཤར་བ་ན་ལྟུང་བའོ།།
དགོས་པ་མེད་ན་ཞག་གཅིག་ཀྱང་ལྟུང་བའོ།།
དཔུང་གི་ཡན་ལག་ཉམས་སུ་མྱོང་བར་འདོད་པ་ལ།རྟེན་གནང་བའི་དུས་ནི་དགེ་སློང་།སྦྱོར་བ་མཐར་ཐུག་ནི་ཡང་ཞེས་ཏེ།དཔུང་གི་ཡན་ལག་མྱང་འདོད་ཀྱིས་སྦྱོར་བ་རེག་པའམ།དཀྲུགས་པར་བརྩམས་ཏེ་གཡུལ་བཤམ་དཀྲུག་གི་བྱ་བ་རྫོགས་ན་ལྟུང་བའོ།།
སྐྱེས་པ་བུད་མེད་གླ་ང་པོ་སོགས་འཐབ་འཇུག་ལྟ་བ་སོགས་ལ་ཉེས་བྱས་སོ།།
བརྡེག་པ་ལ་རྟེན་བསམ་པ་ནི་ཡང་།ཡུལ་སྦྱོར་ནི་དགེ་སློང་ཞེས་སོ།།
ཡུལ་དགེ་སློང་ཕ་རོལ་པོ་ལ་ཕན་པའི་དོན་མིན་པར་ལུས་སམ་དེས་འཕངས་པའམ།དེ་དང་འབྲེལ་བ་དབྱུག་པ་སོགས་ཡུངས་ཀར་ཙམ་གྱིས་ཀྱང་རྙོག་པ་ཅན་གྱི་༼༤༡བ༽བསམ་པས་བརྡེག་པར་བརྩམས་ཏེ།བརྡེག་སྤྱད་རེ་ལ་ལྟུང་བ་རེའོ།།
བདག་ཉིད་ཀྱི་ལུས་དང་ཀ་བ་རྩིག་པ་སོགས་ལ་བརྡེག་ན་ཉེས་བྱས་སོ།།
བརྡེག་པར་གཟས་ལ་རྟེན་བསམ་པ་ནི།ཡང་དང་ཡུལ་སྦྱོར་ནི།དགེ་སློང་ཞེས་ཏེ།ཁྱད་པར་ནི་བརྡེག་པར་གཟས་པ་སྟེ།གཞན་སྔ་མ་བཞིན་ནོ།།
གནས་ངན་ལེན་འཆབ་པ་ལ་རྟེན་བསམ་པ་ནི་ཡང་།ཡུལ་སྦྱོར་བ་ནི་དགེ་སློང་ཞེས་ཏེ།ཡུལ་དགེ་སློང་སྡོམ་པ་གསོ་རུང་ཡན་ཆད་ཀྱི་ཕམ་ལྷག་གི་ལྟུང་བ་ཀུན་སློང་དགེ་སློང་བདེ་བར་མི་རེག་པ་དང་།དགེ་སྦྱོང་གི་ཚུལ་ལམ།སྲོག་གམ།ཚངས་སྤྱོད་ཀྱི་བར་ཆད་དམ།དགེ་འདུན་འཁྲུགས་དོགས་ཀྱི་བསམ་པ་མིན་པར་འཆབ་འདོད་ཀྱིས་མཚན་མོ་འདས་ན་ལྟུང་བའོ།།
ཕམ་ལྷག་ལས་གཞན་པའི་རང་གཞན་གྱི་ཉེས་པ་འཆབ་ན་ཉེས་བྱས་སོ།།
སྡོམ་ལ།བདེ་དང་མེ་དང་འདུན་པ་དང་།བསྙེན་པར་མ་རྫོགས་ཆོས་སྨྲ་དང་།དགེ་ཚུལ་ཁ་དོག་བསྒྱུར་བ་དང་།རིན་པོ་ཆེ་དང་ཚ་བའི་དུས།།
ཞེས་པས་ཟན་གཅོད་འཇུག་ལ་རྟེན་ཆེད་ཡང་།ཡུལ་ལས་འཚོ་བ་བསྒྲུབ་པ་ནི་དགེ་སློང་།རྗེས་སུ་བསྒྲུབ་པའི་སྦྱོར་བ་ནི་དེ་ཞེས་ཏེ།བསྙུང་བས་ཕན་པའི་ནད་ཅན་མིན་པའི་དགེ་སློང་ལ་སྦྱིན་བདག་གིས་དུས་རུང་ཟས་རུང་བ་ལ་སྦྱོར་བ་ན་ཟན་གཅོད་ཚིག་གིས་ཡུལ་གྱི་ཟན་རང་གླིང་གི་ཉི་མ་ཡོལ་ནས་ལྟུང་བའོ།།
སྨན་གཞན་ལ་ཉེས་བྱས་སོ།།
མེ་ལ་རེག་པ་ནི་རྟེན་ཆེད་ནི་ཡང་།གཞི་སྦྱོར་ནི་མེ་ལ་ཞེས་ཏེ།དཀོན་མཆོག་དང་ཚངས་སྤྱོད་ཆོས་ལྡན་གྱི་དོན་དང་།ཚོན་སོགས་དུས་བྱིན་རླབས་མ་གཏོགས་པར་སྦྱོར་བ་རང་ངམ་གཞན་བསྐོས་ཏེ་མེ་ལ་རེག་པ་༼༤༢ན༽དང་།སྤར་གསོད་སོགས་བྱེད་ན་ལྟུང་བའོ།།
སེང་གེ་སོགས་གཏུམ་པོ་ལ་མི་རེག་ཅིང་།དུས་དྲན་ནི་དཀོན་མཆོག་སོགས་ཀྱི་ཕྱིར་སྟོན་པས་གནང་ངོ་སྙམ་དུ་བསམ་སྟེ་བྱ་བ་མ་རྫོགས་ཀྱི་བར་ཡིད་ལ་བྱའོ།།
འདུན་པ་ཕྱིར་བསྒྱུར་ནི།རྟེན་གཞི་ཡང་ཀུན་སློང་སྦྱོར་བ་དེའི་ཞེས་ཏེ།དགེ་འདུན་གྱི་ཆོས་ལྡན་གྱི་ལས་མཚན་ཉིད་པ་ལ་རང་གིས་འདུན་པ་ཕུལ་བ།ཀུན་སློང་འདུན་པ་ཕྱིར་བསྒྱུར་འདོད་ཀྱི་བསམ་པས་སྦྱོར་བ་བདག་འདུན་པ་མི་ཕུལ་གྱི་ཕྱིར་འོན་ཅིག་ཅེས་པའི་ཚིག་གི་དོན་གོ་བ་ན་ལྟུང་བའོ།།
བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཏུ་ཉལ་བ་ལ།རྟེན་ཡུལ་ནི་ཡང་དང་།སྦྱོར་བ་ནི།ལྷན་ཅིག་ཅེས་ཏེ།རྟེན་ན་བ་དང་ནད་གཡོག་མིན་པའི་དགེ་སློང་གིས་དགེ་སློང་སྡིག་ཅན་དང་།ཉེ་བར་གནས་པ་དང་།དགེ་ཚུལ་ལམ་གྱིས་དུབ་པ་སོགས་ཀྱི་རྐྱེན་མེད་པར་མ་རྫོགས་པ་དང་གནས་ཅིག་ཏུ་ཉལ་འདོད་ཀྱི་བསམ་པས།མཚམས་གཞན་གྱིས་བར་མ་ཆོད་པ་འདོམ་ཕྱེད་དགུའི་ནང་རོལ་ཏུ་ནུབ་གསུམ་བསྟུད་མར་རང་དང་མ་རྫོགས་པ་གཉིས་ཀ་ཉལ་ཞིང་སྤྱོད་ལམ་དེས་ནུབ་གསུམ་པའི་སྐྱ་རེངས་དང་པོ་ཤར་ན་ལྟུང་བའོ།།
ཟླ་ཉིའི་སྣང་བ་ལས་གཞན་པའི་མར་མེ་དང་ནོར་བུའི་སྣང་བར་རྐྱེན་དང་མི་ལྡན་པས་ཉལ་བར་མི་བྱའོ།།
སྡིག་ལྟ་མི་གཏོང་བ་ལ།གང་ལ་གཞམ་བསྒོ་བྱ་བ་ནི་ཡང་ཞེས་དང་།བྱེད་པ་གང་གིས་བཟློག་པ་ནི་དགེ་སློང་ཞེས་དང་།ཇི་ལྟར་བཟློག་པ་ནི་འདི་སྐད་གསོལ་ཞིང་བཟློག་པ་ནི་དགེ་སློང་འདས་པ་ནི་ལན་གཉིས་ལན་གསུམ་ཞེས་ཏེ།དགེ་སློང་གིས་ཆང་བཏུང་བ་ལྟ་བུ་བཅོམ་ལྡན་འདས་ཀྱིས་མཐོ་རིས་དང་ཐར་པའི་བར་ཆད་དུ་འགྱུར་བར་བསྟན་པ་དེ་༼༤༢བ༽བསྟེན་ཀྱང་མཐོ་རིས་དང་ཐར་པའི་བར་ཆད་དུ་མི་འགྱུར་ཞེས་པ་ལྟ་བུ་འདུ་ཤེས་མ་འཁྲུལ་བར་རློམ་ཞིང་ཀུན་སློང་སྐུར་འདོད་ཀྱི་བསམ་པས་སྦྱོར་བ་དེར་ཞུགས་ཚེ་དགེ་འདུན་གྱི་གཞམ་བསྒོ་དང་གསོལ་བཞིས་བཟློག་ཀྱང་བརྗོད་པ་གསུམ་པ་ལ་མི་གཏོང་བ་ལྟུང་བའོ།།
སྤངས་པ་རྗེས་ཕྱོགས་ནི་རྟེན་བསམ་པ་ཡང་།གཞི་སྦྱོར་ནི་དེ་སྐད་ཅེས་ཏེ།དགེ་སློང་སྡིག་ལྟ་ཅན་བཟོད་པ་མ་གསོལ་བ་དགེ་འདུན་གྱིས་གནས་ནས་ཕྱུང་བ།ཀུན་སློང་དེ་དང་ལྷན་ཅིག་གཏམ་འདྲི་བ་དང་།ཉལ་འདོད་ཀྱི་བསམ་པས།སྦྱོར་བ་ན་བ་དང་ཆོས་ལྡན་མ་གཏོགས་དེར་ལྷན་ཅིག་གཏམ་འདྲི་བར་བརྩམ་སྟེ་མཐར་ཐུག་མཚན་མོ་དེའི་སྐད་ཅིག་མ་འདས་པ་ན་ལྟུང་བའོ།།
བསྙིལ་བ་སྡུད་པ་ལས།གང་ལ་གཞམ་བསྒོ་བྱ་བ་ནི་དགེ་ཚུལ།གསོལ་བཞིས་བཟློག་པ་ནི་དགེ་ཚུལ།རྟེན་བསམ་པ་ནི་ཡང་ཡུལ་སྦྱོར་ནི་དེ་ལྟར་ཤེས་ཏེ།ཁྱད་པར་ནི་དགེ་ཚུལ་སྡིག་ལྟ་ཅན་བཟོད་པ་མ་གསོལ་བ་སྟེ་གཞན་སྔ་མ་བཞིན་ནོ།།
ཁ་མ་བསྒྱུར་བ་གྱོན་པ་ལ།རྟེན་ཁ་དོག་གི་རུང་བ་ནི་དགེ་སློང་གཞི་སྦྱོར་ནི་གལ་ཏེ་ཞེས་ཏེ།དགེ་སློང་གིས་ཆུ་ཚགས་མ་གཏོགས་ལྷུང་བཟེད་ཁ་གཡོགས་དང་རྐང་དཀྲིས་ཙམ་གྱི་གོས་དཀར་པོ་ལ་ལོངས་སྤྱད་ན་ལྟུང་བའོ།།
ཚོས་ཆེན་བརྒྱད་ཀྱིས་བསྒྱུར་བ་ལ་ཡང་ཉེས་བྱས་ཏེ།སུམ་བརྒྱ་པར།མཚལ་དང་དེ་བཞིན་རྒྱ་སྐ་ག་བཙོད་རྣམས་དང་།།
གུར་གུམ་དང་ནི་མཐིང་ཤུན་ལི་ཁྲི་དང་།།
རྨ་ན་ཤིང་ལེབ་བརྒན་རྩི་རྣམས་མི་རུང་སྟེ།།
བརྒྱད་པོ་ཚོས་ཆེན་ཡིན་པས་བཀག་ཕྱིར་རོ།།
རིན་པོ་ཆེའི་གདགས་གཞིར་ལོངས་པ་གཞིར་གཏོགས་ལ་རྟེན་གཞི་ནི་ཡང་།སྦྱོར་བ་དམིགས་བསལ་ནི་དང་།བསླབ་བྱ་ནི་དགེ་སློང་ཞེས་༼༤༣ན༽ཏེ།ཆུད་འཛའ་བའི་རྐྱེན་མེད་ཅིང་།སྦྱིན་བདག་གི་བསོད་ནམས་འདོད་པས་བསྟབ་པའམ།མི་མིན་གྱི་གནས་ལྟ་བུ་མིན་པར།རང་གིས་དབང་བའི་རིན་པོ་ཆེའམ།རིན་པོ་ཆེར་སྨོས་པ་གོ་མཚོན་དང་རོལ་ཆ་སོགས་ལ་རྒོད་བག་གིས་རེག་འདོད་ཀྱི་བསམ་པས།དངོས་སམ་བསྐོས་ནས་རེག་ན་ལྟུང་བའོ།།
ཁྲུས་བྱེད་པ་ལ།ལྟུང་བ་དམིགས་བསལ་ནི་བཅོམ་ལྡན་འདས།གནང་དུས་ནི་དེ་ལས་ཞེས་ཏེ།ཁྲུས་ཀྱིས་ཕན་པའི་ནད་དང་དཀོན་མཆོག་གི་ཕྱིར་བ་མལ་ཙམ་གྱི་ཕྱག་བདར་དང་།དཔག་ཚད་ཕྱེད་དུ་ཕྱིན་པ་མིན་པའི་དགེ་སློང་གིས།དུས་ཟླ་བ་ལྔ་པའི་ཚེས་གཅིག་ནས་བདུན་པའི་བཅོ་ལྔའི་བར་མ་གཏོགས་པར་རྐྱེན་དང་མི་ལྡན་པས་ཟླ་བ་ཕྱེད་ཕྱེད་ཀྱི་ནང་དུ་ཁྲུས་བྱེད་པར་བརྩམས་ཏེ་དུས་མིན་པར་ལུས་རིལ་ཁྲུས་བྱེད་ན་ལྟུང་བའོ།།
ལུས་ལ་ཆར་ཐིག་གཉིས་ཕོག་པའམ།གོས་ཀྱི་གྲྭ་བསྐྱོད་པའི་རླུང་ཕོག་པ་ཡན་ལ་ལྟུང་བ་འདི་མེད།སྡོམ་ལ།དུད་འགྲོ་འགྱོད་པ་སོར་མོ་དང་།རྩེ་དང་ལྷན་ཅིག་སྔ་ངས་བྱེད་དང་།སྦེད་དང་གདིང་མེད་གཞི་མེད་དང་།སྐྱེས་པ་མེད་པར་ལམ་འགྲོ་བའོ།།
དེ་ལ་དུད་འགྲོ་གསོད་པ་ནི་རྟེན་བསམ་ནི་ཡང་།གཞི་སྦྱོར་ནི་དུད་འགྲོ་ཞེས་ཏེ།དུད་འགྲོར་གཏོགས་པའི་སྲོག་ཆགས་མིག་ལམ་དུ་སྣང་རུང་འདུ་ཤེས་མ་འཁྲུལ་པའམ།ཡིད་གཉིས་ཟ་བས་ཀུན་སློང་གསོད་འདོད་ཀྱིས།སྦྱོར་བ་རང་ངམ་བསྐོས་པས་གསོད་པར་བརྩམས་ཏེ་རྐྱེན་དེས་ཤི་ན་ཇི་སྙེད་ཀྱི་ལྟུང་བའོ།།
གསོད་སེམས་མེད་པར་ཡན་ལག་གཅོད་པ་དང་།བརྡེག་འཚོག་གཟུགས་བརྙན་འཇིག་པ་སོགས་ལ་ཉེས་བྱས་སོ།།
འགྱོད་པ་བསྐྱེད་པ་ལས་རྟེན་བསམ་པ་ཡང་དགེ་སློང་།༼༤༣བ༽ཡུལ་ཆེད་ཅེས་ནས།སྦྱོར་བ་ནི་འགྱོད་ཅེས་ཏེ།དགེ་སློང་ཕ་རོལ་པོ་ལ་ཀུན་སློང་ཡིད་མི་བདེ་བ་སྐྱེ་འདོད་ཀྱི་བསམ་པས་བཞད་གད་ཡན་གྱིས་ཁྱོད་ལ་སྡོམ་པ་མ་སྐྱེས་སོ།།
སྐྱེས་ཀྱང་ཕམ་པ་བྱུང་ཞེས་སོགས་ཀྱིས་འགྱོད་པ་བསྐྱེད་དེ་དོན་གོ་བ་ན་ལྟུང་བའོ།།
གག་ཚིལ་ནི་སོར་མོ་ཞེས་ཏེ།དགེ་སློང་ཕ་རོལ་པོ་ལ་སྐྱི་གཡའ་བའི་གནས་སུ་སྐྱི་གཡའ་བར་བསམ་པས་སྦྱོར་བ་བརྩམས་ཏེ་སྐྱི་གཡའ་བར་བྱས་པའི་རེག་བྱ་རེ་རེ་ལ་ལྟུང་བ་རེ་རེའོ།།
ཆུ་ལ་རྩེ་བ་ལ་ཆུ་ལ་ཞེས་ཏེ་འཇིག་རྟེན་ན་གྲགས་པའི་ཆུ་ལ་རྒོད་བག་གིས་རང་ངམ་བསྐོས་པས་རྩེས་ཏེ་ལྟེ་བ་ནུབ་པའི་ཚད་དུ་ཞུགས་ན་ལྟུང་བའོ།།
བུད་མེད་དང་ལྷན་ཅིག་ཉལ་བ་རྟེན་ཡུལ་ནི་ཡང་།སྦྱོར་བ་ནི་ལྷན་ཅིག་ཅེས་ཏེ།བུད་མེད་ཉེ་དུ་མིན་པར་རྟེན་རུང་།གནས་གཅིག་ཏུ་མཚམས་ཆོད་ན་འདོམ་གང་གི་ནང་།མཚམས་མ་ཆོད་ན་འདོམ་དགུའི་ནང་དུ་གཉིས་ཀ་ཉལ་འདོད་ཀྱི་བསམ་པས་ཁྲིམས་གྲོགས་མེད་པར་མཚན་མོའི་མཐའ་རྫོགས་པ་ན་ལྟུང་བའོ།།
སྔ་ངས་པར་བྱེད་པ་ལ།རྟེན་ཡུལ་ནི་ཡང་།སྦྱོར་བ་ནི་སྔགས་ཞེས་ཏེ།དགེ་སློང་ཕ་རོལ་པོ་ལ་འཇིགས་རྒྱུ་ཡིད་དུ་མི་འོང་པ་ཤ་ཟ་སོགས་འདོད་ཡོན་ལྔས་བཞད་གད་ཡན་གྱིས་འཇིགས་པ་བསྟན་ཏེ་སྐྲག་པ་སྐྱེས་ན་ལྟུང་བའོ།།
ཡིད་འོང་གིས་སྔ་ངས་ན་ཉེས་བྱས།ངེས་འབྱུང་གི་ཕྱིར་དམྱལ་བ་སོགས་བརྗོད་པ་ལ་ཉེས་པ་མེད་དོ།།
སྦེད་པ་ལ།རྟེན་གཞི་ནི་ཡང་།སྦྱོར་དམིགས་ནི།སྦེད་དམ་ཞེས་སོགས་ཏེ་རབ་བྱུང་སྡེ་ལྔའི་ལྷུང་བཟེད་སོགས་འཚོ་བའི་ཡོ་བྱད་ཆུད་ཟ་བའི་རྐྱེན་མེད་པར་ཀུན་སློང་རྐུ་སེམས་དང་ཕན་འདོད་ལས་གཞན་པས་རང་ངམ།བསྐོས་པས་བརྩམས་ཏེ་སྦས་ཟིན་ན་ལྟུང་བའོ།།
༼༤༤ན༽གདིང་མེད་དུ་སྤྱོད་པ་ནི།རྟེན་གཞི་ནི་ཡང་།སྦྱོར་བ་ནི་དེའི་འོག་ཅེས་ཏེ།དགེ་སློང་རང་དང་ནོར་མི་གཅིག་པ་ལ་རྐུ་སེམས་མེད་ཅིང་དེས་གནང་བའི་གདིང་མེད་པར་ལོངས་སྤྱད་ན་ལྟུང་བ།གོས་ལས་གཞན་པའི་ཡོ་བྱད་ལ་ཉེས་བྱས།ལོངས་སྤྱད་པས་དགའ་བར་འགྱུར་ན་ལྟུང་བ་མེད་དོ།།
ལྷག་མས་སྐུར་འདེབས་ལ་རྟེན་བསམ་ནི་ཡང་།ཡུལ་ནི་དགེ་སློང་།སྦྱོར་བ་དགེ་འདུན་ཞེས་ཏེ།དགེ་སློང་ཕ་རོལ་པོ་ལ་མཐོང་ཐོས་དོགས་པའི་གཞི་མེད་པར་ཉམས་པར་འདོད་པས་འདུ་ཤེས་བསྒྱུར་ཏེ་ཀུན་སློང་སྐུར་འདོད་ཀྱི་བསམ་པས།སྦྱོར་བ་མིང་ནས་བཟུང་སྟེ་ལྷག་མས་སྐུར་པ་བཏབ་པའི་དོན་གོ་བ་ན་ལྟུང་བའོ།།
བུད་མེད་དང་ལྷན་ཅིག་ལམ་འགྲོ་ནི།རྟེན་གཞི་ནི་ཡང་།སྦྱོར་བ་ནི་ལྷན་ཅིག་ཅེས་ཏེ།བུད་མེད་ལུས་བསྟེན་རུང་།ཉེ་དུ་མིན་པ།ཁྲིམས་གྲོགས་མེད་པར་ལྷན་ཅིག་རྒྱང་གྲགས་འདས་པ་ན་ལྟུང་བའོ།།
དེའི་ཕྱེད་ལ་ཉེས་བྱས་སོ།།
བུད་མེད་ཀྱིས་ལམ་བསྲེལ་བྱེད་པ་སོགས་ལ་ཉེས་པ་མེད་དོ།།
སྡོམ་ལ།རྐུ་དང་ཉི་ཤུ་མ་ལོན་དང་།།
བརྐོ་དང་མགྲོན་དང་བསླབ་པ་དང་།།
འཐབ་དང་མི་སྨྲ་འགྲོ་བ་དང་།།
མ་གུས་ཆང་འཐུང་དུས་མིན་པའོ།།
རྐུན་མ་དང་ལྷན་ཅིག་ལམ་འགྲོ་ནི།རྟེན་གཞི་ནི་ཡང་།སྦྱོར་བ་ནི་འགྲོ་ན་ཞེས་ཏེ།གྲོང་འཇོམས་པ་དང་།ཤོ་གམ་དྲལ་བའི་ཆོམ་རྐུན་དང་ལྷན་ཅིག་རྒྱང་གྲགས་ལས་འདས་པར་འགྲོ་བ་ན་ལྟུང་བ་རེ་རེའོ།།
ཉི་ཤུ་མ་ལོན་པར་རྫོགས་པ་ནི།རྟེན་གཞི་ནི་ཡང་།སྦྱོར་བ་ནི་དགེ་སློང་།ཉེས་དམིགས་ནི་གང་ཟག་དེ་ཡང་ཞེས་ཏེ།མངལ་ཤོལ་བརྩིས་པས་ཉི་ཤུ་མ་ལོན་པར་འདུ་ཤེས་༼༤༤བ༽སམ།ཐེ་ཚོམ་ཟ་བས་ཀུན་སློང་རང་གར་མཁན་འདོད་ཀྱི་སྦྱོར་བ་བརྩམས་ཏེ།མཐར་ཐུག་བརྗོད་པ་གསུམ་པའི་བྱེད་པ་བརྗོད་པའི་མགོ་བརྩམས་པའི་ཚེ་མཁན་པོ་ལ་ལྟུང་བྱེད།སློན་དཔོན་དང་དགེ་འདུན་ལ་ཉེས་བྱས་སོ།།
མངལ་ཤོལ་གྱིས་ཉི་ཤུ་མ་ལོན་ཀྱང་བསྒྲུབ་བྱས་ལོན་པར་འདུ་ཤེས་ནས་སྐྱེ་བའི་བར་ཆད་གཞན་མེད་ཅིང་སྐྱེ་བའི་རྐྱེན་གཞན་ཚོགས་ན་བསམ་པའི་སྒོ་ནས་ནར་སོན་པས་བསྙེན་རྫོགས་ཆགས་ཤིང་།དེ་རྫོགས་པའི་རྗེས་ལ་མངལ་ཤོལ་དང་བཅས་ཀྱང་ཉི་ཤུ་མ་ལོན་འདུག་ན་དེའི་རྫོགས་པའི་སྡོམ་པ་འཇིག་སྟེ་ལུས་བསམ་གང་ནས་ཀྱང་ནར་མ་སོན་པས་སྡོམ་པའི་རྟེན་ཉམས་པའི་ཕྱིར།མ་ལོན་ཀྱང་ལོན་པར་འདུ་ཤེས་པ་ལ་བསྙེན་རྫོགས་ཆགས་ན་མངལ་ཤོལ་དང་བཅས་པས་ཉི་ཤུ་ལོན་ན་ལེན་དུས་ཉི་ཤུ་མ་ལོན་འདུག་སྙམ་དུ་ཤེས་ཀྱང་སྡོམ་པ་མི་འཇིག་སྟེ།སྐྱེས་ཤིང་བཏང་རྒྱུ་གཞན་མ་བྱུང་ན་ལུས་ཀྱི་ནར་སོན་ཅིང་སྡོམ་པའི་རྟེན་ཡིན་པའི་ཕྱིར།སྐྱེས་ནས་ཉི་ཤུ་མ་ལོན་ཀྱང་མངལ་ཤོལ་དང་བཅས་པ་ལོན་ན་བསྙེན་རྫོགས་ཆགས་ལ།མཁན་སློབ་དགེ་འདུན་ལ་ཉེས་པ་བསྐྱེད།ཉི་ཤུ་ལོན་པ་ལ་མ་ལོན་པར་འདུ་ཤེས་ཀྱང་སྡོམ་པའི་རྟེན་དུ་རུང་ངོ་།།
དགེ་ཚུལ་ལོ་བདུན་མ་ལོན་ཀྱང་མངའ་ཤོལ་དང་བཅས་པས་ལོན་ན་སྐྱེ་ལ་ཉེས་བྱས་ཡིན་ནོ།།
ས་བརྐོ་བ་དང་།རྟེན་གཞི་ནི་ཡང་ཞེས་དང་།སྦྱོར་བ་ནི་བརྐོ་ཞེས་ཏེ།ན་བ་སོགས་ཀྱི་རྐྱེན་མེད་པར་གྲགས་པའི་ས་འཐས་པ།རང་ངམ་བསྐོས་པས་སོར་བཞི་ཡན་ཆད་བསྐོས་ན་ལྟུང་བའོ།།
ས་ཉམས་པ་དང་བྱེ་མ་སོགས་ལ་ཉེས་བྱས་སོ།།
མགྲོན་དུ་བོས་པ་ལས་རིང་དུ་བསྡད་༼༤༥ན༽པ་ལ།རྟེན་གནང་བའི་ཚད་ནི་དགེ་སློང་།འདས་པ་ནི་དེ་ལས།གནང་དུས་བྱེ་བྲག་ནི་སོ་སོར་ཞེས་ཏེ།རྐྱེན་དང་མི་ལྡན་པར་སྦྱིན་བདག་གིས་དུས་ཇི་ཙམ་མགྲོན་དུ་བོས་པ་ལས་རིང་དུ་འདུག་སྟེ།ཟ་འདོད་ཀྱི་བསམ་པས་སྦྱིན་བདག་གིས་ཅི་ཙམ་འདོད་གྱི་བར་བཞུགས་ཞེས་པ་ལྟ་བུ་མེད་པར་མགྲོན་རྫོགས་པའི་འོག་ཏུ་ཡང་ཟ་བར་བརྩམ་སྟེ་མགུལ་དུ་མིད་པ་ལ་ལྟུང་བའོ།།
བསླབ་པ་ཉེར་འཇོག་སྤོང་བ་ནི་རྟེན་ཁྱད་གསོད་ཀྱི་དུས་ནི་ཡང་།སྦྱོར་བ་ནི་དེ་དག་ཅེས་ཏེ་དགེ་སློང་ཕ་རོལ་པོ་འདུལ་བར་གཏོགས་པའི་བསླབ་བྱ་བསླབ་བོ་ཞེས་པ་ན་མ་འཁྲུལ་ཞིང་ཀུན་སློང་བསྒྱུར་ཏེ་མི་སློབ་པ་སྨྲ་འདོད་ཀྱི་བསམ་པས།སྦྱོར་བ་བསླབ་པ་ཉེར་འཇོག་པོ་ལ་ཁྱོད་ཀྱིས་མི་ཤེས་ཏེ་གཞན་ལ་འདྲི་ཡི།དེའི་བར་བསླབ་པ་འདི་ལ་མི་སློབ་ཅེས་སྨྲ་བ་བརྩམས་ཏེ་དོན་གོ་ན་ལྟུང་བའོ།།
ཉན་རྣ་ལས་གྱུར་པ་ལ་རྟེན་གཞི་ནི་ཡང་།སྦྱོར་བ་ཕྱེད་ནི་དགེ་སློང་ཞེས་ཏེ།ཕ་རོལ་པོ་རྩོད་ཟླར་གྱུར་པ་དག་རྩོད་པ་གཞི་ལས་གང་རུང་བྱེད་པ་ན་ནོར་བ་དང་རྩོད་པ་ཞི་འདོད་མིན་པས་དཀྲུགས་པའི་ཆེད་དུ་ཉན་འདོད་ཀྱི་བསམ་པས་རྣ་བ་གཏོད་ནས་དོན་གོ་བ་ན་ལྟུང་བའོ།།
དོན་མ་གོ་ན་ཉེས་བྱས།གྲོགས་སོགས་ཀྱི་སར་འགྲོ་བ་ན་སེ་གོལ་གྱི་བརྡ་བྱེད།མི་སྨྲ་བ་འགྲོ་བ་ལ་རྟེན་གཞི་ནི་ཡང་།སྦྱོར་བ་དམིགས་བསལ་ནི་ཅང་མི་སྨྲ་ཞེས་ཏེ།དགེ་སློང་ཁ་སྐོང་བར་འོས་པས་དགེ་འདུན་གྱི་ནང་དུ་ལས་ལ་འདུས་པ་ན་གསོལ་བ་ཙམ་གྱི་ལས་མ་བྱས་པར་གནས་དེ་ནས་དགེ་སློང་འཁོད་པ་ལ་མ་སྨྲས་པར་འགྲོ་བ་བརྩམས་ཏེ།ལས་ཐོས་པའི་ཉེ་འཁོར་འདས་པར་ཕྱིན་པ་ན་ལྟུང་བའོ།།
མ་གུས་པ་ལ།༼༤༥བ༽གུས་པར་མི་བྱེད་ན་ཞེས་ཏེ།སངས་རྒྱས་ཀྱི་གསུང་དང་།དགེ་འདུན་གྱི་ཞལ་ཏ་བ་ཆོས་ལྡན་གྱིས་བསྒོ་བ་རང་གིས་བསྒྲུབ་པ་ལ་འགལ་བ་བྱེད་འདོད་ཀྱིས་སྦྱོར་བ་གཞིག་འགྲེལ་མ་བྱས་པར་འགལ་བར་བྱས་ན་ལྟུང་བའོ།།
མཁན་སློབ།རྒྱལ་པོ།དགྲ་བཅོམ།གནས་བརྟན་གྱི་བཀའ་བཅག་ན་ཉེས་བྱས་སོ།།
མྱོས་འགྱུར་འཐུང་བ་ནི།གཞི་ནི་འབྲུའི་ཆང་།སྦྱོར་བ་འཐུང་ན་ཞེས་ཏེ།ཕབ་བཏབ་པ་འབྲུའི་ཆང་དང་།མ་བཏབ་པ་རྒུན་སོགས་བཙོས་པའི་ཆང་དངོས་སམ།སྤང་ཚིག་ལ་སོགས་མྱོས་པའི་ནུས་ཅན་ལོངས་སྤྱོད་པར་བརྩམས་ཏེ།།
མགུལ་དུ་མིད་པ་ན་ལྟུང་བའོ།།
མྱོས་པའི་ནུས་པ་མེད་པར་དྲི་བྲོ་བ་དང་།ལུས་མིན་པ་ཁ་བཤལ་བ་དང་།ལུས་ལ་བསྐུད་པ་སོགས་ལ་ཉེས་བྱས།ནད་པས་མི་མིད་པར་ཁ་བཤལ་བ་དང་ལུས་ལ་བསྐུད་པ་ཙམ་ལ་ཉེས་པ་མེད་ཅིང་།ཆང་བསྐོལ་བ་ལ་ཉེས་མེད་དུ་གསུངས་པ་ནི་རོ་ནུས་མེད་པ་ལ་དགོངས་པའོ།།
དུས་མིན་པར་འགྲོ་བ་ལ།རྟེན་བཀག་པའི་དུས་ཡང་།སྦྱོར་བ་དམིགས་བསལ་གྲོང་དུ་འཇུག་ཅེས་ཏེ།སྲ་བརྐྱང་མ་བཏིང་ཞིང་བར་ཆད་ཀྱི་རྐྱེན་དང་མི་ལྡན་པའི་དགེ་སློང་གནས་ན་འཁོད་པའི་རབ་ཏུ་བྱུང་བ་ལ་མ་སྨྲས་པར་གནས་དེ་ནས་ཁྱིམ་པའི་གནས་སུ་ཉི་མ་ཕྱེད་ཡོལ་ནས་སྐྱ་རེངས་མ་ཤར་གྱི་བར་དུ་འདུ་ཤེས་དུས་མིན་ལ།དེར་ཤེས་པའི་ཐེ་ཚོམ་ཟ་བས་སྦྱོར་བ་བརྩམས་ཏེ་རང་གནས་ཉེ་འཁོར་ལས་འདས་ན་ལྟུང་བའོ།།
སྡོམ་ལ།ཟས་བཅས་སྐྱ་རེངས་ད་གདོད་དང་།།
ཁབ་རལ་དང་ནི་ཁྲི་རྐང་དང་།།
གདལ་དང་གདན་དང་གཡན་དགབ་དང་།།
རས་ཆེན་བདེར་གཤེགས་ཆོས་གོས་སོ།།
ཞེས་པའི་དང་པོ་ཟས་བཅས་ལ་ཡང་ཞེས་ཏེ།༼༤༦ན༽འདི་ལ་སྔ་དྲོ་གྲོང་རྒྱུ་དང་ཕྱི་དྲོ་གྲོང་རྒྱུ་གཉིས་ལས།དང་པོ་ནི།རྟེན་དགེ་སློང་དེའི་ཚིག་གིས་དགེ་འདུན་རྣམས་སྦྱིན་བདག་ཁྱིམ་པ་ཡིན་པའི་ཁྱིམ་དུ་ཟས་ལ་སྤྱན་དྲང་པ་ན་སྦྱིན་བདག་ལ་དུས་མ་ཡོལ་བར་བྲིམས་ཞེས་མ་བསྒོ་བར་གྲོང་དུ་རྒྱུ་འདོད་ཀྱི་བསམ་པ་རྐྱེན་དང་མི་ལྡན་པར་གྲོང་གཞན་དུ་སྦྱོར་བ་འགྲོ་བར་བརྩམས་ཏེ་གྲོང་གསུམ་པ་ལ་སོགས་པར་རྒྱུས་པ་ན་ལྟུང་བའོ།།
གཉིས་པའི་དབང་དུ་བྱས་ན།དགེ་སློང་འཁོད་པ་ལ་སྨྲས་ཀྱང་ཉིན་ཕྱེད་ཡོལ་ནས་སྐྱ་རེངས་ཐ་མ་མ་ཤར་བར་ཁྱིམ་བཞི་སོགས་སུ་འགྲོ་ན་ལྟུང་བའོ།།
རྒྱལ་པོའི་ཕོ་བྲང་དུ་ནུབ་མོ་འགྲོ་བ་ལ་རྟེན་བཀག་པའི་དུས་ནི་ཡང་།གཞི་མཐར་ཐུག་ནི་རྒྱལ་པོ་ཞེས་ཏེ།རྒྱལ་པོ་སོགས་ཆོས་ལྡན་གྱི་དོན་ལ་བོས་པ་དང་།དགོས་པ་ཁྱད་པར་ཅན་དང་།རྐྱེན་གཞན་དང་མི་ལྡན་པར་རྒྱལ་པོའི་ཕོ་བྲང་དང་བཙུན་མོའི་གནས་སུ་དམར་ཐག་ཆོད་ནས་སྐྱ་རེངས་མ་ཤར་གྱི་བར་དེར་འདུ་ཤེས་སམ།ཡིད་གཉིས་ཟ་བར་སྦྱོར་བས་བརྩམས་ཏེ།དེའི་སྒོ་བཅད་ན་གཏན་པའི་གནས་དང་།མ་བཅད་ན་གཏན་པ་གཉིས་འགྱུར་བའི་སླར་སླེབ་ན་ལྟུང་བའོ།།
བསླབ་གཞི་ཁྱད་གསོད་ལ།རྟེན་ཁྱད་དུ་གསོད་པའི་དུས་ནི་ཡང་།སྦྱོར་བ་ནི་འདི་སྐད་ཅེས་ཏེ།སོ་ཐར་གྱི་མདོ་ལན་གཉིས་ཡན་ཆད་ཐོས་པའི་དགེ་སློང་གིས་གསོ་སྦྱོང་གི་དུས་སུ་བཞད་བགད་ཡན་གྱིས་བསླབ་གཞི་ཁྱད་གསོད་ཀྱི་ཚིག་སྨྲས་ཏེ་མཐར་འདུལ་བར་གཏོགས་པའི་བསླབ་པ་ཁྱད་དུ་གསོད་ན་ལྟུང་བའོ།།
ཁབ་རལ་འཆོས་པའི་རྟེན་གཞི་ནི་ཡང་།སྦྱོར་བ་དམིགས་གསལ་ནི་བྱེད་དམ་སོགས་ཕྱིར་བཅོས་ནི་བཅག་ནས་ཞེས་ཏེ།བ་སོ་དང་རུས་པ་༼༤༦བ༽དང་རྭ་དང་རིན་པོ་ཆེ་ཡུལ་དུས་དེར་དཀོན་ཅིང་རིན་ཆེ་བའི་རྒྱུ་ལས་ཁབ་རལ་བཅོས་ཏེ་ཟིན་པ་ན་ལྟུང་བའོ།།
ལྟུང་བ་འདི་བཤགས་དུས་ཁབ་རལ་བཅག་གམ་ཞེས་འདྲིའོ།།
ཁྲི་རྐང་འཆོས་པ་ལ།རྟེན་གནང་ཚད་ནི་ཡང་།འདས་པ་ནི་དེ་ལས་ཏེ།དགེ་འདུན་གྱི་ཁྲིའམ་ཁྲིའུ་རྐང་པ་བུ་གར་གཞུག་པ་ཡན་ཆད་ཁྲུ་གང་ཚད་ཡིན་ལ།དེ་ལས་ལྷག་པ་སྦྱོར་བ་རང་ངམ་བསྐོས་པས་བརྩམས་ཏེ་མཐར་ཐུག་ལྷག་པོ་ཟིན་ན་ལྟུང་བ།གང་ཟག་གི་དད་མོལ་ཆེ་མཐོ་ལ་འདུག་ན་ཉེས་བྱས་སོ།།
ཁྲི་རྐང་གདིང་བ་གཡན་དགབ་རས་ཆེན་ཚད་ལྷག་བཞི་བཤགས་པའི་ཚེ་བཤགས་ཡུལ་གྱིས་བཅད་དམ་ཞེས་མ་དྲིས་ན་ཉེས་བྱས་སོ།།
ཤིང་བལ་གྱིས་གོས་པར་བྱས་པ་ལ་རྟེན་གཞི་ནི་ཡང་།སྦྱོར་བ་ནི་བདལ་ལམ།ཕྱིས་བཅོས་ནི་བསྡུས་ནས་ཞེས་ཏེ།དགེ་འདུན་གྱི་གནས་མལ་ཤིང་བལ་གྱིས་སྦྱོར་བ་རང་ངམ་བསྐོས་པས་མཐར་གོས་པར་བྱེད་ན་ལྟུང་བའོ།།
གང་ཟག་གི་ལ་ཉེས་བྱས་སོ།།
འདི་བཤགས་དུས་ཤིང་བལ་བསྡུ་དགོས་སོ།།
གདིང་བ་ལ་རྟེན་གནང་ཚད་དགེ་སློང་།འདས་པ་ཕྱིར་བཅོས་ནི་དེ་ལས་ཏེ།གདིང་ཚད་སྲིད་ཁྲུ་གསུམ།ཞེས་ཁྲུ་དོ་དང་སོར་དྲུགསྲིད་དུ་མི་ཆོག་ན་ཁྲུ་ཕྱེད་དོ་བསྐྱེད་དོ།།
གཡན་དགབ་ལ་རྟེན་ཡང་དགེ་སློང་གིས།འདས་པ་ཕྱིར་བཅོས་ནི་དེ་ལས་ཞེས་ཏེ།དེའི་སྲིད་ཁྲུ་དྲུག་ཞེང་ཁྲུ་གསུམ།རས་ཆེན་ལ་རྟེན་གནང་ཚད་དགེ་སློང་གིས།འདས་པ་ནི་དེ་ལས་ཞེས་ཏེ།དེའི་ཚད་སྲིད་ཁྲུ་དགུ།ཞེང་ཁྲུ་གསུམ་དང་སོར་བཅོ་བརྒྱད།བདེ་གཤེགས་ཆོས་གོས་ཀྱི་ཚད་གྱུར་ལ་རྟེན་སྦྱོར་བ་ནི་ཡང་དགེ་སློང་།གནང་བའི་ཚད་ནི་དེ་ལས་༼༤༧ན༽ཞེས་ཏེ།སྟོན་པའི་བླ་གོས་དང་སྣམ་སྦྱར་གྱི་ཚད་ནི་སྲིད་དུ་སྟོན་པ་རང་གི་ཁྲུ་ལྔ།ཞེང་དུ་ཁྲུ་གསུམ།སྟོན་པའི་ཁྲུ་རེ་རེ་ལ་མི་འབྲིང་པོའི་ཁྲུ་གསུམ་ཡིན་པས་སྟོན་པའི་ཆོས་གོས་གཅིག་ལ་མི་འབྲིང་པོའི་ཆོས་གོས་དགུ་འགྱུར་རོ།།
དེས་ན་སྟོན་པའི་སྐུ་ལུས་ཙམ་མེད་པར་དེའི་ཆོས་གོས་ཀྱི་ཚད་ཙམ་མམ།དེ་ལས་ལྷག་པར་སྦྱོར་བ་བརྩམས་ཏེ་ཟིན་ན་ལྟུང་བའོ།།
འདོན་པ་མཇུག་བསྡུ་བ་ནི།ཚེ་དང་ལྡན་པ་ཞེས་དང་།རྣམ་གཞག་བསྒྲགས་པ་ནི་དེ་ལ་ཞེས་སོ།།
སོ་སོར་བཤགས་པ་ལ།སྒྲོ་སྐུར་སྤངས་དོན་དུ།སྡོམ་ལ།གྲོང་དང་ཁྱིམ་གཞན་གཉིད་དང་ནི།།
བསླབ་པ་དང་ནི་དགོན་པ་སྟེ།།
སངས་རྒྱས་ཕན་པ་གསུངས་པ་ཡིས།།
སོ་སོར་བཤགས་པ་བྱ་བར་གསུང་།།
ཞེས་བསྟན་ནས་འདོན་པའི་ལུང་འབོག་པ་ནི་ཚེ་དང་ལྡན་པ་ཞེས་སོ།།
དགེ་སློང་མ་ལས་ཟ་མ་ལེན་པའི་སོ་སོར་བཤགས་པ་ནི་རྟེན་ཡུལ་ཡང་།དངོས་སྦྱོར་ཕྱིར་བཅོས་རང་ཞེས་ཏེ།དགེ་སློང་མ་ཉེ་དུ་མིན་པས་ཟས་བླང་བ་དེ་སྦྱོར་བ་རང་དང་དགེ་སློང་མ་གཉིས་ཀ་གྲོང་ངམ་ལམ་པོ་ཆེ་ན་འདུག་སྟེ་དེས་དེ་ལ་ཟས་བླངས་ཏེ་ཟོས་པ་ན་སོར་བཤགས་དང་པོའོ།།
གྲལ་རིམ་དུ་མ་ཕེབ་པར་འབྲིམ་དུ་འཇུག་པ་མ་བཟློག་པར་ཟ་བ་ལ་རྟེན་གཞི་ནི་དགེ་སློང་།སྦྱོར་བ་ཕྱིར་བཅོས་ནི་དེ་སྐད་ཅེས་ཏེ།སྦྱིན་བདག་ཁྱིམ་པས་དགེ་འདུན་གདུགས་ཚོད་ཀྱི་ཕྱིར་སྤྱན་དྲངས་པ་ན།དགེ་སློང་མས་བསྒོ་བཤམས་ཀྱིས་ངོས་མགྲོན་བྱས་པ་ལ།དགེ་སློང་གིས་སྲིང་མོ་ཁྱོད་དགེ་སློང་རྣམས་ཟས་ཟོས་ཟིན་གྱི་བར་དུ་རེ་ཞིག་མ་བསྒོ་བར་སྡོད་ཅིག་ཅེས་མ་བསྒོ་བར་བསྒོ་བཤམས་༼༤༧བ༽བྱས་པ་ཟ་འདོད་ཀྱི་བསམ་སྦྱོར་གྱིས་མཐར་ཐུག་མགུལ་དུ་མིད་པ་ན་ལྟུང་བའོ།།
བསླབ་པ་དྲལ་ཏེ་ཁྱིམ་དུ་འཇུག་པ་ལ་རྟེན་གཞི་ནི་བསླབ་པ་དག།སྦྱོར་བ་ཕྱིར་བཅོས་ནི་རང་གིས་ཤེས་ཏེ།དེ་ཡང་བསླབ་པའི་སྡོམ་པ་བྱིན་པའི་ཁྱིམ་དུ་མ་བོས་པར་བསླབ་པའི་སྡོམ་པ་བཅས་པ་ལ་གཏོགས་པའི་དགེ་སློང་གིས་ཁྱིམ་དུ་ཟས་འདོད་ཀྱི་བསམ་སྦྱོར་གྱིས་མཐར་ཐུག་བཟའ་བཅའ་མགུལ་དུ་མིད་པ་ན་ལྟུང་བའོ།།
ནགས་མ་བརྟགས་པ་ལས་གྱུར་པ་ལ།རྟེན་ཡུལ་ནི་དགེ་འདུན།སྦྱོར་བ་ཕྱིར་བཅོས་ནི་བསླངས་ཏེ།དེ་ཅི་ལྟར་དག་པར་བྱ་བ་ནི་དགེ་སློང་དེ་ཞེས་སོགས་ཏེ།ལྟུང་བ་འདི་བཞི་ནི་ལྟོ་འདུན་ལས་གྱུར་པ་དགེ་འདུན་གྱི་ཀུན་རར་སྨྲེ་སྔགས་ཀྱི་སྒོ་ནས་བཤགས་དགོས་པ་དགེ་སློང་དེ་ཞེས་སོགས་ཀྱི་འདོན་པ་འདི་ནི་སོར་བཤགས་བཞི་ཀའི་མཐར་སྦྱར་ལ།རྟེན་དགེ་སློང་གིས་ནགས་ཉུལ་བར་བསྐོས་པ་ན་འཇིགས་བཅས་ཀྱི་ནགས་མ་ཉུལ་བར།ཁྱིམ་པ་ཉེ་དུ་མིན་པ་ལས་ཟས་བསླངས་ཏེ།ནགས་མ་ཉུལ་བར་ཤེས་བཞིན་དུ་མཐར་ཐུག་མགུལ་དུ་མིད་པ་ན་སོ་སོར་བཤགས་པའོ།།
འདོན་པ་བསྡུ་བ་ནི་ཚེ་དང་ལྡན་པ་ཞེས་པ་དང་།རྣམ་གཞག་བསྒྲགས་པ་ནི་དེ་ལ་ཞེས་སོ།།
ཉེས་བྱས་ཀྱི་སྡེ་ལས་སྒྲོ་སྐུར་སྤང་པ་ནི།སྡོམ་ལ།ཤམ་ཐབས་ལ་ནི་རྣམ་བདུན་དང་།།
སྟོད་གཡོགས་ལ་ཡང་རྣམ་གསུམ་དང་།།
ཤིན་ཏུ་བསྡམས་པ་ལ་སོགས་ལྔ།།
མགོ་གཡོགས་ལ་སོགས་རྣམ་པ་ལྔ།།
མཆོངས་ལ་སོགས་པ་རྣམ་ལྔ་དང་།།
ལུས་ལ་སོགས་པ་རྣམ་པ་ལྔ།།
འདུག་པར་བྱ་བ་དགུ་དག་དང་།།
བྱིན་ལེན་བྱ་བ་བརྒྱད་རྣམས་སོ།།
ཞེས་པའོ།།
༼༤༨ན༽འདོན་པའི་ཆེད་དུ་ལུང་འབོགས་པ་ནི།ཚེ་དང་ལྡན་པ་ཞེས་སོ།།
དེ་ལ་གོས་བསྒོ་བའི་སྡེ་ནི།ཤམ་ཐབས་ཟླུམ་པོར་བསྒོ་བར་བྱའོ།།
པུས་གོང་དུ་རྩེངས་པ་མ་ཡིན་པ།ལོང་བུར་འཇོལ་བ་མ་ཡིན་པ།སྟ་ཟུར་གྱི་ཐད་ཀར་གླ་ང་པོ་ཆེའི་སྣ་ལྟར་ནར་བ་མ་ཡིན་པ།ཏ་ལའི་ལོ་མ་ལྟར་སྐ་རག་གི་གོང་སུ་ལྟེབ་པ་མ་ཡིན་པ།འབྲུའི་ཕུར་མ་ལྟར་རག་ཡར་མར་གྱི་བར་དུ་ཐུམ་པོར་འོང་བ་མ་ཡིན་པ།སྦྲུལ་མགོའི་གདེང་ཀ་ལྟར་སྐ་རགས་ཀྱི་སྣེ་ནས་ཁ་ཕྱིར་གདེངས་པ་མ་ཡིན་པའོ།།
ཆོས་གོས་ལ་སྟེང་འོག་གི་མཐའ་ཟླུམ་པོར་བསྒོ་ཞིང་རྩེངས་འཇོལ་མ་ཡིན་པའོ།།
ལམ་འཇུག་གི་སྡེ་ལ།ལུས་སེམས་ཤིན་ཏུ་མཉམ་པར་བཞག་པས་བསྡམས་ཤིང་གོས་ཀྱིས་ལུས་ཁྱབ་པར་བསྒོ་བ་དང་།སྒྲ་བསྐྱུང་བ་དང་།མིག་གཡེང་བ་མིག་གི་རྫི་མ་བཙུམ་པར་མི་ལྟ་བ་དང་།གཉའ་ཤིང་གང་ཙམ་དུ་བལྟ་ཞིང་འགྲོ་བའོ།།
མགོ་གོས་ཀྱིས་མི་གཡོགས་པ་དང་།གོས་མི་བརྫེ།གོས་ཕྲག་པ་གཉིས་སུ་མི་གཟར།ལག་པ་གཡས་གཡོན་མདུན་གྱི་ཕྱོགས་སུ་མི་བསྣོལ།དེ་བསྐྱུར་ནས་ལྟག་པར་མི་བསྣོལ།མི་མཆོངས།རྐང་པ་མི་བརྐྱང་།རྐང་པ་མཉམ་དུ་ཙོག་པུར་མི་སྤོ།རྐང་པ་ཡི་བྲང་པ་ཁོ་ནས་མི་འགྲོ།དཀུར་ལག་སོར་གཏད་ནས་གྲུ་མོ་སྙུང་སྙུང་དུ་མི་འགྲོ།ལུས་མི་བསྒྱུར།ལག་པ་མི་དཀྱོག།མགོ་མི་བསྒྱུར།གཉིས་ཕྲག་པ་མི་སྤྲད།གཉིས་ལག་པ་མི་སྦྲེལ་བ་ཁྱིམ་དུ་འགྲོ་བ་ལ་བསླབ་པར་བྱའོ།།
སྟན་ལ་འདུག་པའི་སྡེ་ལ།གཞན་གྱིས་མ་བསྒོ་བར་སྟན་ལ་མི་འདུག༼༤༨བ༽རང་གིས་མ་བརྟག་པར་མི་འདུག།ལུས་ཀྱི་ལྗིད་ཕབ་སྟེ་མི་འདུག།རྐང་པ་བརྐྱང་སྟེ་མི་བསྣོལ།བརླ་མི་བསྣོལ།ལོང་བུའི་སྟེང་དུ་ལོང་བུ་མི་བཞག།རྐང་པ་ཁྲི་འོག་ཏུ་མི་དགུག།ཐད་གར་མི་གདངས།འདོམས་སྦ་བར་བྱའོ།།
ཟས་བསླང་བའི་སྡེ་ནི།འདུལ་བ་དང་འཇིག་རྟེན་གཉིས་དང་མི་འགལ་བར་ལེགས་པར་ཟས་བླང་བར་བྱའོ།།
ལྷུང་བཟེད་ཀྱི་མུ་དང་ཁ་ད་ཆད་དུ་མ་ཡིན་པ།ཚོད་མ་དང་འབྲས་མཉམ་པ་མ་ཡིན་པ།རྒན་རིམ་མཐར་ཆགས་སུ་ལེན་པ་དང་།ལྷུང་བཟེད་ལ་བལྟ་ཞིང་ལེན་པ་དང་།བཟའ་བཅའ་མ་འོངས་པར་ལྷུང་བཟེད་མི་བཟེད་པ་དང་།ཚོད་མ་འདོད་པས་འབྲས་ཆེན་མི་དགབ་ཅིང་།འབྲས་ཆེན་འདོད་པས་ཚོད་མ་མི་དགབ།བཟའ་བཅའི་སྟེང་དུ་ལྷུང་བཟེད་མི་བཟུང་བར་བསླབ་པར་བྱའོ།།
ཟས་བཟའ་བའི་སྡེ་ནི།སྡོམ་ལ།ཟས་ལ་ལེགས་པར་བྱ་བ་དྲུག།ཙུག་ཙུག་ལ་སོགས་རྣམ་པ་ལྔ།།
འབྲུ་ནས་ཐ་དད་བྱེད་པ་ལྔ།།
ལག་པ་བལྡག་ལ་སོགས་པ་ལྔ།།