༄༅།། སོ་སོ་ཐར་པའི་མདོའི་འགྲེལ་པ་རིན་ཆེན་འབྱུང་གནས་ཞེས་བྱ་བ་ཀརྨ་པ་མི་བསྐྱོད་རྡོ་རྗེས་མཛད་པ་བཞུགས།

གཉིས་པ་མ་བྱིན་ལེན་ནི།ཇི་སྐད་དུ།ཡང་དགེ་སློང་གང་གཞན་དག་གི་གྲོང་ན་འདུག་པའམ།དགོན་པ་ན་འདུག་པ།མ་བྱིན་པར་༼༡༥བ༽རྐུ་བའི་གྲངས་སུ་གཏོགས་པ་བླངས་ན།ཇི་ཙམ་མ་སྦྱིན་པར་བླངས་པས་དེ་རྒྱལ་པོའམ་བློན་པོ་ཆེན་པོས་བཟུང་ནས།དེ་ལ་འདི་སྐད་ཅེས།ཀྱེ་མི་ཁྱོད་ནི་རྐུན་མའོ།།
བྱིས་པའོ།།
བླུན་པོའོ།།
རྐུ་བའོ།།
ཞེས་ཟེར་ཞིང་།བསོད་དམ་འཆིང་ངམ་སྤྱུགས་ཀྱང་རུང་སྟེ།དགེ་སློང་དེ་ལྟར་མ་བྱིན་པར་ལེན་ན།དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ།།
ཞེས་སྨྲས་སོ།།
དེའི་དོན་བརྗོད་པར་བྱ་སྟེ།དེ་ལ་རྟེན་གྱི་གཞི་ནི་བཅས་ལྡན་དགེ་སློང་གིས་ཡུལ་གྱི་གཞི་རང་དང་ནོར་མི་གཅིག་པའི་མིའི་རྒྱུད་ཀྱིས་བདག་ཏུ་བཟུང་བའི་རྫས་བདག་པོས་མ་བྱིན་པར་ཡུལ་དུས་དེར་སྦྱོར་བ་གཅིག་གིས་བརྐུ་བྱ་རྐུ་བྱེད་གཉིས་ཀ་ལ་བལྟོས་པའི་རིན་ཐང་ཚང་བའོ།།
སྦྱོར་བ་ནི་རང་ངམ་གཞན་བསྐོས་པས་གཉིས་བསྡུད་གསུམ་བཏུད་དུ་མངགས་པའི་སྒོ་ནས་མཐུ་དང་འཇབ་བུ་སོགས་ཀྱིས་བདག་གིར་བྱེད་ཅིང་ཐོབ་བློ་སྐྱེས་པའི་ཚེ་ཕམ་པར་འགྱུར་རོ།།
སྤྱིར་རྫས་ཀྱི་བདག་པོ་འགྱུར་ཚུལ་ལ།ཕ་ནོར་བུར་དབང་བ་ལྟ་བུའི་རིགས་རྒྱུད་ཀྱི་བདག་པོ།ཤོ་གམ་རྒྱལ་པོར་དབང་བ་ལྟ་བུའི་ཡུལ་ཆོས་ཀྱི་བདག་པོ།རི་དྭགས་ལིང་པར་དབང་པ་ལྟ་བུ་བསམ་སྦྱོར་གྱི་བདག་པོ།དབྱར་རྙེད་དགེ་འདུན་གྱིས་དབང་བ་ལྟ་བུ་བདེ་གཤེགས་བཀའ་སྩལ་གྱི་བདག་པོའོ།།
རིན་ཐང་ཚང་བ་ནི།གཡོས་བུ་བྱས་པའི་ཁ་ཟས་དང་ནི།དུར་ཁྲོད་ཀྱི་རྫས་ལྟ་བུ་དམན་པ་མ་ཡིན་པ།ཀཪྵ་པ་ཎའི་བཞི་ཆའི་ཚད་དུ་འཇོག་པར་ཀུན་མཐུན་ལ།ཀཪྵ་པ་ཎ་བཞི་ཆའི་ཚད་ཡུལ་དུས་ཀྱི་བརྩི་བ་མི་མཐུན་པ་མང་དུ་ཡོད་ཀྱང་།དེང་༼༡༦ན༽སང་གསེར་དངུལ་ཞོ་གང་ལ་ཚད་དུ་བྱེད་ཅེས་གྲགས་སོ།།
ད་ནི་མ་བྱིན་ལེན་གྱི་སྦོམ་པོ་རྣམས་བརྗོད་དེ།རྫས་ལ་ནོམ་ཉུག་བྱེད་པ་ནས་མ་གྲུབ་ཀྱི་བར་རྣམས་ཏེ།མཚོན་ན་པདྨ་སྟ་བཟང་པོ་རྐུ་བའི་ཕྱིར་ནོམ་ཉུག་བྱེད་པ་དང་།ཆས་ཀྱིས་བྲིད་ནས་རྟ་སོགས་བཀྲི་བ་དང་།གྲུར་བཞུགས་ཏེ་འདི་བརྐུའོ་སྙམ་པ་དང་།འདི་ལྟར་བརྐུའོ་སྙམ་ནས་ལུས་བསྒྱུར་བ་དང་།བརྐུ་ཕྱིར་གོམ་པ་དབྲི་བསྣན་སོགས་བདག་པོས་མི་སྣང་བའི་སར་ཕྱིར་པ་དང་།གཏམས་བརྙན་བསྐྱིས་པ་ལ་བསྙོན་པ་དང་།དེ་དག་མི་སྦྱིན་པར་སེམས་པའི་དུས་དང་།རྐུ་སེམས་ཀྱིས་གཏམ་པ་བརྐུ་བའི་སྔ་རོལ་དུ་བརྣོག།སྤོས་ནས་བསྙོན་པ་དང་།ཤགས་ཀྱིས་རྐུ་བ་ན་བླའི་གྲར་རྒྱལ་བའི་སྐབས་དང་།བློན་པོའི་གྲར་ཤགས་རྒྱལ་ནས་ཕ་རོལ་པོས་སྦྱོར་བས་བཏང་བའི་སྐབས་དང་།རྒྱན་ལ་དོར་བྱས་ནས་རྒྱལ་བ་མ་གྱུར་ཙམ་དང་།རང་གཞན་གྱི་ཞིང་ལ་ཆུ་གཏོང་འགོག་གི་སྒོ་ནས་དང་།ཤས་ཐོབ་པའི་རྐུན་པོ་ལ་ལམ་རྒྱུས་གོ་བར་བྱེད་པ་དང་།རྟ་དང་བ་ལང་སོགས་སྐྱིད་པ་གཅོད་པ་དང་།རྐུ་སེམས་ཀྱིས་ཤྭ་གམ་དངོས་སུ་འདྲལ་བ་སོགས་ནི་སྦྱོར་བའི་སྦོམ་པོའོ།།
རིན་ཐང་མ་ཚང་བ་དང་།བདག་པོ་མེད་པའི་གཏེར་དང་།རང་གི་ཡིན་པ་དང་།འགྲོ་བ་གཞན་གྱི་འདུ་ཤེས་པ་དང་།གཞན་གྱིས་གཞན་ལ་བསྐུར་བ་གཉིས་ཀས་བདག་གིར་མ་བྱས་པ་དང་།ལྷག་མེད་མྱང་འདས་ཀྱི་དཀོར་དང་།དུར་ཁྲོད་པའི་རྫས་དང་།སྒྲ་མི་སྙན་པའི་ནོར་དང་།གསང་སྔགས་ཀྱིས་དབུལ་དུ་འཇུག་པ་དང་།གཞན་གྱི་༼༡༦བ༽རྫས་ཆུད་གསོན་པ་དང་།འབྲས་བུའི་ཀུན་ར་སོགས་སྔགས་ཀྱིས་སྐེམས་པ་དང་།ལོ་ཐོག་ལ་སེར་བ་སོགས་དབབ་པ་དང་།གཡར་བ་བསྲི་བ་མེད་པ་ལོངས་སྤྱོད་པ་དང་།བདག་པོ་མེད་ཀྱང་ཡོད་པར་འདུ་ཤེས་པས་རྐུ་བ་སོགས་ནི་དངོས་གཞིའི་སྦོམ་པོའོ།།
སྦྱོར་བའི་ལྟུང་བ་ནི།འདི་སྐབས་ཀྱི་རྐུ་སེམས་སྐྱེས་ནས་སྦྱོར་བ་ལ་མ་ཐུག་གི་བར་བསྡམ་བྱའི་ཉེས་བྱས།ལུས་ངག་ཏུ་ནོམ་ཉུག་སོགས་དངོས་ལ་ཐུག་གི་བར་བཤགས་བྱའི་ཉེས་བྱས་ཏེ།དཔེར་ན་གོམ་པ་བསྲིས་ནས་རྐུ་བ་ལ་མི་སྣང་བར་མ་གྱུར་གྱི་བར་གོམ་རེ་ལ་ཉེས་བྱས་ཏེ།རྐུ་ཕྱིར་གྲུ་ཕུར་པ་ལས་དགྲོལ་བ་ཙམ་དང་།མཆོད་པའི་དོན་ཙམ་དུ་སངས་རྒྱས་ཀྱི་སྐུ་གདུང་སོགས་རྐུ་བ་དང་།གྲངས་དང་རྩིས་དང་རྒྱན་སོགས་ལ་དོར་བྱས་པ་དང་།མཚན་མ་ཕྱིས་པ་དང་བསྣན་པ་དང་།མཚན་མ་གནས་གཞན་དུ་བཞག་པ་དང་།སྐལ་བ་མི་དབང་བ་ལ་དབང་བར་སྒྲོགས་པ་དང་།ལོང་ཞིག་ཅེས་མ་བསྒོ་བ་ལེན་པ་དང་།ཤོ་གམ་དང་གྲུ་བཙས་མི་སྟེར་བའི་ཐབས་ལམ་གཞན་སྟོན་པ་དང་།རྔོན་པས་ཟིན་པའི་རི་དྭགས་སྙིང་བརྩེ་ཙམ་གྱིས་གཏོང་བ་སོགས་ཉེས་བྱས་སོ།།
བསླབ་བྱ་ནི་གཞན་གྱིས་སྤྱོད་པ་གཏོལ་བ་དང་།ཡིད་གཅུགས་ཀྱི་གནས་མ་ཡིན་པ་ལ་ཡིད་བཅུགས་སུ་བྱེད་པ་དང་།ལག་བོད་དང་བསོད་ནམས་ཙམ་གྱི་བློས་མིན་པར་གླ་བརྔན་ཙམ་གྱིས་ལས་བྱེད་པ་དང་།རྐུ་སེམས་མེད་ཀྱང་གཞན་གྱི་རྫས་ལྷུང་བ་བླངས་པ་ཡུན་རིང་དུ་བསྲེལ་བ་བདག་པོས་མ་ཤེས་པའི་རྫས་དེ་དགེ་བསྐོས་ལ་མ་གཏོད་པ་སོགས་དང་།ནད་པས་མ་གནང་བ་སྨན་པ་སྨན་བླངས་པ་དང་།རང་དབང་ཡང་གཞན་གྱིས་བདག་༼༡༧ན༽དུ་བཟུང་བའི་ནོར་དེས་མ་གནང་བར་བདག་གིར་བྱས་པ།རྐུན་པོས་ཁྱེར་བའི་ཆོས་གོས་སོགས་རང་གི་བློས་མ་བཏང་ཡང་།ཆོས་བཤད་པའི་རིན་མ་བྱིན་པ་ནན་གྱིས་བླངས་པ།མགྲོན་དུ་མ་བོས་པར་ཟས་ཟ་བ།གཞན་གྱིས་བོར་བ་ལེན་པའི་ཚེ་གཞན་གྱིས་བདག་ཏུ་བཟུང་མ་བཟུང་མ་བརྟག་པར་བླངས་པ།མ་སྨྲས་པའི་རོ་ལས་གོས་ལེན་པ།བྱ་ཚང་བཤིགས་པ།ཆོམ་རྐུན་པར་གྲགས་པས་ཕུལ་བ་བླངས་པ།གྲགས་པ་ལས་བླངས་པ་ཡང་ཁ་དོག་བསྒྱུར་བ་སོགས་མ་བྱས་པར་གནད་བསྒྲེ་བ།རྔོན་པས་བཙེས་པའི་རི་དྭགས་གནས་ཁང་དུ་ཞུགས་ཤིང་ཤི་བའི་རོ་རྔོན་པ་ལ་མི་སྦྱིན་པ་མི་བྱ་སྟེ་བྱས་ན་ཉེས་བྱས་སོ།།
འདིར་བརྐུ་བ་ལ་མུ་དྲུག་སྟེ།མཐུས་འཕྲོགས་པ་ལྟ་བུ་ནན་ཁུག།གླ་བརྔན་སོགས་མི་སྟེར་བ་དང་ན་འཐེན།མ་ཚོར་བས་བརྐུ་བ་སྒྱུ་ཐབས།སྐྱིན་པོ་མི་སྟེར་བ་ཕྱིར་མི་བསབ་པ།བཅོལ་བ་མི་སྟེར་བ་གཏམས་པ།མཆོད་པའི་ཕྱིར་རམ་མ་བྱིའི་ཕྱིར་ཆོས་རྐུ་བ་དང་དྲུག་གོ།དེ་ལྟར་དྲུག་ལ་སྔ་མ་རྣམས་ལ་རིན་ཐང་ཚང་ན་ཕམ་པའོ།།
གསུམ་པ་མི་ལ་བསད་པར་མི་བྱ་བ་ནི།ཡང་དགེ་སློང་གང་མིའམ་མིར་ཆགས་པ་ལ་བསམས་བཞིན་དུ་རང་གི་ལག་དར་ཏེ་སྲོག་བཅད་དམ།དེ་ལ་མཚོན་བྱིན་ནམ།དེ་ལ་མཚོན་ཐོགས་པ་གཉེར་རམ།དེ་འཆིར་བཅུག་གམ།དེ་ལ་འཆི་བའི་བསྔགས་པ་བརྗོད་ཀྱང་རུང་སྟེ།དེ་ལ་འདི་སྐད་ཅེས།ཀྱེ་མི་ཁྱོད་འཚོ་བ་སྡིག་པ་མི་གཙང་བ་ངན་པ་འདིས་ཅི་ཞིག་བྱ་སྟེ།ཀྱེ་མི་ཁྱོད་གསོན་པ་བས་ཤི་བ་སླའོ།།
ཞེས་ཟེར་ཞིང་།སེམས་ཀྱི་འདོད་པ་དང་སེམས་༼༡༧བ༽ཀྱི་ཀུན་ཏུ་རྟོག་པ་དག་གིས་རྣམ་གྲངས་དུ་མས་དེ་འཆིར་བཅུག་གམ།དེ་ལ་འཆི་བའི་བསྔགས་པ་བརྗོད་དེ།དེ་ཡང་རྩོམ་པ་དེས་དུས་བྱས་ན།དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ།།
ཞེས་པའི་བསླབ་བྱ་བརྗོད་པར་བྱ་སྟེ།དེ་ལ་རྟེན་གྱི་གཞི་བཅས་ལྡན་དགེ་སློང་།ཡུལ་གྱི་གཞི་རང་ལས་གཞན་པའི་མིའམ་མིར་ཆགས་པ་བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་།ཀུན་སློང་ཕན་སེམས་ཡིན་ཡང་རུང་བསད་པར་འདོད་པས་ཀུན་ནས་བསླངས་པ།སྦྱོར་བ་དུག་མཚོན་མཐུ་ལ་སོགས་པ་འཆི་ཐབས་ཐ་ན་རྗེས་སུ་སྦྱོར་བ་ཆུང་ངུ་ཡན་གྱི་སྒོ་ནས་དེའི་ཚེ་འམ་གཞན་གྱི་ཚེ།གསོད་པ་པོ་རང་ཤི་བའི་སྔ་རོལ་དུ་ཤི་ན་དངོས་གཞིའོ།།
སྦྱོར་བ་ནི།གསོད་པའི་སྦྱོར་བ་བརྩམ་པ་ནས།སྲོག་དང་བྲལ་བའི་མདུན་རོལ་ཚུན་ཆོད་ལ་ཉེས་པ་སྦོམ་པོ་སྟེ།དུད་འགྲོ་ལས་གཞན་པའི་མི་མིན་དང་།བདག་ཉིད་དང་མ་དང་མངལ་གནས་གཉིད་ལས།མ་བསམ་པ་དེ་ཤི་བ་དང་།ལྷ་བྱིན་ལས་ནོར་ཏེ་མཆོད་སྦྱིན་བསད་པ་ལྟ་བུ་དང་།གསོད་པའི་སྦྱོར་བ་བརྩམས་ནས་མ་ཤིའི་གོང་དུ་འདུན་པ་ལོག་པ་དང་།གསོད་སེམས་མེད་པ་ཡན་ལག་གཅོད་པ་དང་།མི་ཡོད་པར་ཤེས་པའམ།དོགས་བཞིན་ནགས་ལ་མེ་གཏོང་བ་དང་།སྐྲ་ཅན་འཚོང་བ་དང་།རྐུན་པོ་སོགས་རྒྱལ་པོའི་གྲར་འབུལ་བ་དང་།ཁོ་བོ་ཤི་འོང་ཟེར་བ་ལ་ཡིད་མ་ཆེས་པར་བསྐྱོད་པ་དང་།ཤི་ནའང་སླའོ་ཞེས་གཡོག་དང་ཟས་མི་འཕྲོད་པར་སྦྱིན་པ་དང་།འབྲས་མ་སྨིན་པ་གཏོལ་ཞིང་དངོས་སུ་འཛུགས་པ་དང་།སྒོ་གླེགས་དང་ཐག་པ་སོགས་༼༡༨ན༽ཀྱི་སྡུག་བསྔལ་བར་བྱེད་པ་སྦོམ་པོའོ།།
བཤགས་སྡོམ་གྱི་ཉེས་བྱས་རྣམས་ཀྱང་སྔ་མ་བཞིན་དུའོ།།
བསླབ་བྱ་ནི།ནད་པ་འཆི་སེམས་དང་མཐུན་པའི་གཏམ་སྨྲ་བ་དང་།ནད་གཡོག་མཁས་པ་ཡོད་བཞིན་མི་བཞག་པ་དང་།མི་མཁས་པ་ལ་དེའི་ཐབས་མ་བསླབ་པ་དང་།དུག་མཚོན་ལ་སོགས་འཆི་ཐབས་བསྒྲུབ་པ་ལ་མ་བཟློག་པ་དང་།སྨན་སོགས་ཤེས་པ་ལ་མ་དྲིས་པར་བྱིན་པ་དང་།ཁུར་ལྕི་བ་འདེགས་པའི་གྲོགས་དང་།སོ་ཕག་འཕངས་པ་དང་།མ་བརྟགས་པར་གསད་བྱ་སྟོན་པ་དང་།ཤེས་བཞིན་མེད་པའི་གསང་སྔགས་ཐལ་མོ་དང་།ཕྱོགས་ཉུང་ངུས་ལྕི་བ་འདེགས་པ་དང་།སྤྱིའུ་གཙུག་ཏུ་འགྲོ་བ་དང་།མ་སྦྱངས་པར་དཔྱད་བྱེད་པ་དང་།མཚོན་འཕང་བར་བསྒོ་བ་དང་།མི་ནུས་པ་ལམ་དུ་དཀྲི་བ་སོགས་ནི་བསླབ་བྱའི་ཉེས་བྱས་སོ།།
བཞི་པ་བརྫུན་དུ་སྨྲ་བའི་ཕམ་པ་ལ།ཡང་དགེ་སློང་གང་མངོན་པར་མི་ཤེས་ཤིང་ཡོངས་སུ་མི་ཤེས་ལ།མིའི་ཆོས་བླ་མ་མཐའ་དང་།འཕགས་པ་དང་བྱེ་བྲག་ཐོབ་པ་དང་།ཤེས་པ་དང་།མཐོང་བ་དང་།རེག་པར་སྤྱོད་པ་མེད་ལ་མེད་བཞིན་དུ་འདི་ཤེས་སོ་འདི་མཐོང་ངོ་ཞེས་ཁས་འཆེས་པ་ལས།དེ་ལྟུང་བ་བྱུང་བ་རྣམ་པར་དག་པར་འདོད་ནས་དུས་གཞན་ཞིག་ན་དྲིས་ཀྱང་རུང་།མ་དྲིས་ཀྱང་རུང་།འདི་སྐད་ཅེས་ཚེ་དང་ལྡན་པ་དག་བདག་གིས་ནི་མི་ཤེས་པར་ཤེས་སོ་ཞེས་སྨྲས།མ་མཐོང་བར་མཐོང་ངོ་ཞེས་སྨྲས་ཏེ།གསོག་གསོབ་བརྫུན་དུ་སྨྲས་སོ་ཞེས་ཟེར་ན་མངོན་པའི་ང་རྒྱལ་མ་གཏོགས་ཏེ་དགེ་སློང་དེ་ཡང་ཕམ་པར་༼༡༨བ༽གྱུར་པ་ཡིན་གྱིས་གནས་པར་མི་བྱའོ།།
ཞེས་པའི་དོན་བརྗོད་པར་བྱ་སྟེ།དེ་ཡང་རྟེན་གྱི་གཞི་བཅས་ལྡན་དགེ་སློང་།ཡུལ་སྨྲ་བའི་གཞི་ནི་རང་མ་ཡིན་པའི་ཐ་སྙད་ལྔ་དང་ལྡན་པ་སྟེ།མི་ཡིན་པ།སྨྲ་ཤེས་པ།དོན་གོ་བ།ཤེས་པ་རང་བཞིན་དུ་གནས་པ།མ་ནིང་པ་དང་མཚན་གཉིས་པ་མ་ཡིན་པའོ།།
དེ་ཡང་གཟུགས་གཞན་དུ་བསྒྱུར་བ་དང་མི་སྣང་བར་བྱས་པ་མ་ཡིན་པའོ།།
གང་སྨྲ་བའི་དངོས་པོ་མ་ཡིན་པ་ནི་འདོད་ཁམས་པའི་ཡོན་ཏན་ལས་འདས་པའི་བསམ་གཏན་དང་པོ་ནས་སངས་རྒྱས་ཀྱི་བར་གྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་གང་རུང་བ་ཡིན་པའོ།།
དེ་ཡང་བསམ་གཏན་གྱི་མཐུས་ལྷ་ཀླུ་སོགས་མཐོང་ཐོས་དང་།མི་རྟག་པའི་འདུ་ཤེས་སོགས་ཉི་ཤུ་དང་།བསམ་གཟུགས་དང་།ཚད་མེད་དང་།དགེ་སྦྱོང་གི་འབྲས་བུ་བཞི་དང་།མངོན་ཤེས་དང་།རྣམ་པར་ཐར་པ་རྣམས་སོ།།
སྨྲ་བའི་གང་ཟག་ཀྱང་།སྨྲས་པའི་ཆོས་དེ་དང་མི་ལྡན་པའི་དགེ་སློང་གིས་སོ།།
འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་ཉིད་མི་ཆོས་བླ་མ་དང་ལྡན་པར་སྨྲ་འདོད་དང་།གཞན་གྱིས་སྨྲས་པ་འདུ་ཤེས་བསྒྱུར་ནས་ཚིག་གིས་དང་དུ་ལེན་འདོད་ལྟ་བུ་རྒྱུན་མི་འཆད་པའོ།།
སྦྱོར་བ་ནི་ངག་མཚན་ཉིད་ལྔ་དང་ལྡན་པ་སྟེ།ངག་ཡིན་པ།བདག་ཉིད་དང་འབྲེལ་བ།རང་གི་ཡིན་པ།མ་ནོར་བ།གསལ་པོར་སྨྲས་པའོ།།
དེར་མ་ཟད་གཞན་གྱིས་སྨྲས་པའི་ཚིག་དང་དུ་ལེན་པར་རྩོམ་པ་ཡང་དེ་ཉིད་དོ།།
འོད་ལྡན་པས།མིའི་འགྲོ་བ་མངོན་སུམ་དུའོ།།
༼༡༩ན༽ཞེས་པས་མངོན་སུམ་དུ་སྨྲས་པ་བགྲངས་ནས་ངག་ཡན་ལག་དྲུག་ལྡན་ཀྱང་བྱེད་དོ།།
དེ་ལྟར་ཕ་རོལ་པོས་དོན་གོ་ན་མཐར་ཐུག་པའོ།།
དེའང་འདུ་ཤེས་བསྒྱུར་ཏེ།བདག་ཉིད་མི་ཆོས་བླ་མ་སྨྲ་བའི་ཕྱིར་སྦྱོར་བ་བརྩམས་ནས་དངོས་གཞི་ལ་ཐུག་གི་བར་སྦྱོར་སྦོམ་སྟེ་འདུ་ཤེས་བསྒྱུར་ནས་བླ་མའི་ཡོན་ཏན་རང་ལ་ཡོད་པར་གོ་འདོད་ཀྱིས་གཞན་ལ་སྦྱོར་ཞིང་སྟོན་ཏེ།གཞོག་སྨོས་སོགས་དང་།དུར་ཁྲོད་སོགས་ཀྱི་ཤ་ཟ་མཐོང་ཞེས་སོགས་དང་།འདོད་སེམས་ཀྱིས་བསྡུས་པའི་ཐོས་བསམ་གྱི་ཤེས་རབ་ཀྱིས་ཉོན་མོངས་མགོ་ནོན་ཙམ་ཡོད་ཅེས་པ་དང་།བླ་མ་སྨྲ་འདོད་ཀྱིས་ཤིང་ཐོག་བཟུང་ནས་འབྲས་བུ་ཐོབ་ཅེས་པ་ལྟ་བུ་དང་།ཁྱོད་དགྲ་བཅོམ་པ་ཡིན་ན་བདག་གི་བསོད་སྙོམས་ལོངས་ཤིག་ཅེས་ཟེར་བ་ལ་ཅང་མི་སྨྲ་བས་དང་དུ་ལེན་པའོ།།
བསླབ་བྱ་ནི།མ་བསམ་པ་ལུང་དུ་བསྟན་པར་མི་བྱའོ།།
ཕམ་པ་འདོན་པའི་མཇུག་བསྡུ་བ་ནི།ཚེ་དང་ལྡན་པ་དག།ཅེས་སྨོས་སོ།།
ཕམ་པ་སྤང་བའི་ཆེད་དུ་ཉེས་དམིགས་བསྟན་པ་ནི།དགེ་སློང་གིས་སོགས་སྨོས་སོ།།
དག་པ་ཉིད་དུ་རྟོགས་པར་བྱ་བའི་རྣམ་པར་བཞག་པ་བསྒྲག་པ་ནི།དེ་ལ་བདག་གིས་ཤེས་སོ།།
གཉིས་པ་ལྷག་མ་འདོན་པ་ལ།སྒྲོ་སྐུར་སྤང་བའི་དོན་དུ།དོན་ནི།སྡོམ།ཞེས་སོགས་སོ།།
ལུང་ལ་གུས་པ་བསྐྱེད་པའི་དོན་དུ་འདོན་པ་ལུང་འབོག་པའི་དོན་ནི།ཚེ་དང་ལྡན་པ་ཞེས་སོགས་སོ།།
ལྷག་མ་དང་པོའི་སྐབས་བབ་ཀྱི་གཞི་བསམ་པ་དང་བཅས་པ་ནི་བསམ་པ་བཞིན་༼༡༩བ༽དུ་ཞེས་སོ།།
སྦྱོར་བ་དམིགས་བསལ་དང་བཅས་པ་ནི་ཕྱུང་ན་ཞེས་སོགས་སོ།།
ད་ནི་དེའི་བསླབ་བྱ་བརྗོད་པར་བྱ་སྟེ།གཞིའི་ཡན་ལག་རང་གི་ཡིན་པ།དང་པོའི་གནས་ནས་མ་འཕོས་པ།ཀུན་སློང་སྦྱིན་འདོད་ཀྱི་བསམ་པས།སྦྱོར་བ་རང་གི་ཡན་ལག་གི་རྣམ་པ་རེག་ཅིང་རྩོམ་པས་བདེ་བ།རིག་སྔགས་དང་།ས་བོན་དང་།སྨན་དང་།བརྟག་པའི་ཕྱིར་མཐར་ཐུག་ས་བོན་དང་པོའི་གནས་ནས་འཕོས་པ་ན་ལྷག་མའོ།།
སྦྱོར་བ་བརྩམས་ནས་དངོས་གཞིའི་བར་སྦོམ་པོ་སྟེ།སྦུབས་སུ་འོང་ཟིན་ཕྱུང་བ་དང་།བདག་ཉིད་མ་ཡིན་པར་ཕྱུང་བ་དང་།ཡན་ལག་འཛིན་པ་ཙམ་ལས་བྱུང་བ་ནི་སྦོམ་པོའོ།།
བཤགས་པར་བྱ་བ་དང་།བསྡམ་པར་བྱ་བ་ནི་སྔ་མ་བཞིན་ནོ།།
ཆགས་སེམས་ཅན་གྱིས་རྒྱུན་དང་རྫི་ཕྱོགས་སུ་གཏོད་པ་དང་ལྟ་ན་ཉེས་བྱས་སོ།།
ལྟུང་མེད་ནི།གོས་སམ་གཡན་པ་ཕྲུག་པ་ལྟ་བུར་རེག་པ་དང་།དབྱུང་འདོད་མེད་པར་འཛག་སྣོད་ལ་དྲུད་པ་དང་།སྔོན་གྱི་ཆུང་མ་དང་བུ་མོས་འཁྱུད་པ་དང་བུད་མེད་ཀྱིས་བཟུང་བ་ལས་བབ་ཅོལ་དུ་ལྷུང་བ་རོ་མ་མྱངས་ན་ལྟུང་བ་མེད་དོ།།
གཉིས་པ་འཛིན་པ་ལ།རྟེན་བསམ་པ་དང་བཅས་པ་ནི་ཡང་ཞེས་སོགས་དང་།ཡུལ་སྦྱོར་བ་དང་བཅས་པ་ནི།བུད་མེད་ཅེས་སོགས་དང་།མཐར་ཐུག་ནི།བདག་གིར་ཞེས་སོགས་ཏེ།དེ་དག་རྒྱས་པར་བརྗོད་ན།ཡུལ་བུད་མེད་བརྟེན་རུང་མ་ཉམས་པ་ཐ་མལ་དུ་གནས་པའི་ལུས་དངོས་སམ།སྐྲ་འམ།དེ་དང་འབྲེལ་བའི་སྐྲ་མཐུད་ལྟ་བུ་ལ་དགེ་སློང་རང་གི་ལུས་དངོས་མ་ཉམས་པས་འདུ་ཤེས་༼༢༠ན༽མ་འཁྲུལ་ཞིང་ཆགས་སེམས་ཀྱིས་རེག་པ་བདག་གིར་བྱས་ན་ལྷག་མ་སྟེ།མཐར་མ་ཐུག་གི་བར་སྦོམ་པོ་ཡིན་ལ།དེ་ལ་བསྟེན་མི་རུང་བའི་བུད་མེད་དང་།བསྟེན་རུང་གི་སྐྱེས་པ་དང་།མཚན་མེད་དང་མ་ནིང་དང་།དུད་འགྲོ་ལས་གཞན་པའི་སྤྲུལ་པ་མོ་དང་།བུད་མེད་ལ་གོས་སྲབ་པོས་ཆོད་པར་རེག་པ་དང་།འཇམ་པ་དང་སྙི་བའི་བསམ་པས་བུད་མེད་ལ་རེག་པ་དང་།བོང་བ་སོགས་མོ་དབང་དུ་འཛུད་པ་ནི་སྦོམ་པོའོ།།
ཕོ་མོ་མ་ནིང་སྦྲུལ་མོ་ལུས་ལས་ཉམས་པ་དང་།རྒོད་བག་གིས་རྐང་པ་སོགས་ཀྱིས་བུད་མེད་ལ་ཕུལ་བ་དང་།བུད་མེད་ཀྱི་སྟན་ལ་འདུག་པ་དང་།བུད་མེད་འགྱེལ་བ་ལ་ལངས་ནུས་བཞིན་དུ་བསློང་བ་སོགས་ལ་ཉེས་བྱས་སོ།།
བསླབ་བྱ་ནི།ཆགས་སེམས་མེད་ཀྱང་བུད་མེད་ལ་རེག་པར་མི་བྱ་ཞིང་།བུད་མེད་ཆུར་ལྷུང་བ་སོགས་ལ་མིང་སྲིང་གི་འདུ་ཤེས་ཀྱིས་བསྒྲལ་བར་བྱའོ།།
ལྟུང་མེད་ནི།ཉམ་ཐག་པའི་བུད་མེད་ཀྱིས་འཁྱུད་པ་དང་།བུད་མེད་ཀྱིས་དགེ་སློང་ལ་ཕུལ་བ་དང་།དགེ་སློང་ལྷུང་བ་བུད་མེད་ཀྱིས་བཟུང་བ་དང་།མས་འཁྱུད་པ་དང་།སྔོན་ཁྱིམ་པའི་དུས་ཀྱི་བུ་མོ་པང་ན་འདུག་པ་དང་།བུད་མེད་འཁྲུལ་པ་མོ་དབང་མེད་དུ་སྟེང་དུ་འགྱེལ་བ་རྣམས་ལ་རེག་པ་བདག་གིར་མ་བྱས་ན་ལྟུང་བ་མེད་དོ།།
གསུམ་པ་འཁྲིག་ཚིག་ལ་རྟེན་བསམ་པ་དང་བཅས་པ་ནི་ཡང་སོགས།ཡུལ་དང་སྦྱོར་བ་ནི་བུད་མེད་ཅེས་སོགས།སྦྱོར་བ་དང་དཔེ་ནི་སྐྱེས་བུས་ཞེས་སོགས་སོ།།
དེ་ཉིད་བཤད་པར་བྱ་སྟེ།ཡུལ་བུད་མེད་བསྟེན་རུང་ཐ་མལ་དུ་གནས་༼༢༠བ༽པ་རྫུ་འཕྲུལ་ཅན་མིན་པ་སྨྲ་ཤེས་དོན་གོ་ཤེས་པ་རང་བཞིན་དུ་གནས་པ་ལ་དགེ་སློང་གིས་བརྗོད་བྱའི་དོན་ཡུལ་དུས་དེར་འཁྲིག་པའི་དངོས་མིང་དུ་གསལ་པོར་གྲགས་པ་འདི་ཤེས་མ་འཁྲུལ་ཞིང་ཀུན་སློང་སྨྲ་བའི་བདེ་བ་མྱོང་འདོད་ཀྱི་བསམ་པ་ཆགས་སེམས་ཀྱིས་རང་གིས་སྨྲས་པའམ།ཡུལ་གྱིས་སྨྲས་པ་དང་དུ་ལེན་ཅིང་།ཡུལ་གྱིས་དོན་གོ་ན་དངོས་གཞིའོ།།
སྦོམ་པོ་ནི།བརྡ་མི་འཕྲོད་པ་དང་།རྫུ་འཕྲུལ་ཅན་གྱི་བུད་མེད་ལ་སྨྲས་པ་དང་།དངོས་སུ་འཁྲིག་ཚིག་མིན་པར་འབྲེལ་བར་རྨའི་སྒོ་ལེགས་པར་དོད་ཅེས་སོགས་བསྔགས་པ་དང་བསྔགས་པ་མིན་པར་བརྗོད་པ་དང་།འཁྲིག་པ་ལ་བསམས་ནས་སུ་ཁོ་བོ་ལ་ནས་བྱིན་ཅིག་ཅེས་པ་དང་།དེ་ལ་འགལ་དུམ་ཆུག་ཅིག་ཅེས་པ་དང་།ཆགས་སེམས་མེད་ཀྱང་གོམས་པའི་དབང་གིས་རང་བཞིན་གྱིས་འཁྲིག་ཚིག་སྨྲས་པ་རྣམས་ལ་སྦོམ་པོའོ།།
བཤགས་སྡོམ་གྱི་ཉེས་བྱས་སྔ་ར་བཞིན་ལ།འཁྲིག་པ་སྨྲ་འདོད་མེད་ལ་དོན་གཞན་ལ་བསམས་ནས་ལྗོངས་ཀྱི་ངེས་པའི་ཚིག་གི་མིང་དེ་མཐུན་དུ་གྱུར་པ་ལ་ལྟུང་བ་མེད་དོ།།
བསླབ་བྱ་ནི་འཁྲིག་ཚིག་སྨྲ་བ་སོགས་ལྟུང་བའི་སྒོར་གྱུར་པ་ཐམས་ཅད་ལ་བག་སྲུང་བས་གནས་པར་བྱའོ།།
བཞི་པ་བསྙེན་བཀུར་ལ་རྟེན་དང་བསམ་པ་ནི།ཡང་ཞེས་སོ།།
བརྗོད་བྱ་སྦྱོར་བ་ནི།འདི་ལྟ་སྟེ་ཞེས་སོགས་སོ།།
དེ་ཉིད་བརྗོད་དེ།རྟེན་ཡུལ་འཁྲིག་ཚིག་གི་སྐབས་བཞིན་ལ།བུད་མེད་ཀྱི་དངོས་པོ་ལ་འཁྲིག་པས་བདག་ལ་བསྙེན་བཀུར་གྱིས་ཤིག་ཅེས་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་བསྔགས་པ་དེའི་བདེ་བ་མྱོང་བར་འདོད་པས་སྦྱོར་བ་བདག་ལྟ་བུའི་དགེ་སློང་ལ་འཁྲིག་པས་བསྙེན་༼༢༡ན༽བཀུར་བྱས་ན།བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་རང་གིས་སྨྲས་པའམ།ཡུལ་གྱིས་སྨྲས་པ་དང་དུ་ལེན་ན་མཐར་ཐུག་དོན་གོ་ན་དངོས་གཞིའོ།།
སྦོམ་པོ་ནི།སྐྱེས་པ་ལ་སྨྲས་པ་དང་།བདག་དང་འཁྲིག་པ་མ་སྦྱར་བ་གང་རུང་སྨྲས་པ་དང་།རྫུ་འཕྲུལ་གྱི་ཆོས་ཅན་མོ་དང་།དུད་འགྲོ་ལས་གཞན་པའི་མི་མིན་དང་།བུད་མེད་རང་བཞིན་དུ་མི་གནས་པ་དང་།བསྟེན་མི་རུང་བ་ལ་སྨྲས་ན་སྦོམ་པོའོ།།
བཤགས་སྡོམ་གྱི་ཉེས་བྱས་སྔ་ར་བཞིན་ལ།བདག་དང་འཁྲིག་པ་གང་ཡང་མ་སྦྱར་བར་འཁྲིག་པ་ཡིད་ལ་བསམས་ཏེ་བསྙེན་བཀུར་གྱིས་ཤིག་ཅེས་སྨྲས་པ་ནི་ཉེས་བྱས་སོ།།
ལྔ་པ་གཉེན་ལ་གདུང་བའི་རྟེན་ནི།ཡང་དགེ་སློང་།ཞེས་སོགས་སོ།།
གཞི་དང་སྦྱོར་བ་བུད་མེད་ལ།ཞེས་སོགས་སོ།།
དེ་ཉིད་བཤད་པ་ནི།དེ་ཡུལ་གྱི་གཞི་དགེ་སློང་གིས་རང་ལས་གཞན་པའི་སྐྱེས་པ་དང་བུད་མེད་སྤྲད་དུ་རུང་བ་ཡང་འདུ་ཤེས་མ་འཁྲུལ་ཞིང་།ཀུན་སློང་མི་མཐུན་པ་མཐུན་པར་བསྒྲུབ་པའི་བསམ་པས།སྦྱོར་བ་ཕྲིན་གསུམ་གྱི་སྒོ་ནས་མཐར་ཐུག་སྤྲད་བྱ་གཉིས་འཕྲད་ན་དངོས་གཞིའོ།།
ཕྲིན་བྱ་ཡུལ་གྱི་སྤྲད་བྱ་གཉིས་སམ།དེ་གཉིས་ལ་དབང་བྱེད་པའི་ཕ་མ་ལས་སོ།།
ཆུང་མར་གྱུར་ཟིན་པའི་སྨྱན་པ་ལ་ལྷག་མར་མི་འགྱུར་གྱིས།དེ་ལྟར་ན་ཆུང་མ་ནི་རིམ་པ་བདུན་ཏེ།རིན་ཆས་ཉོས་པ་དང་།ཆུ་ཚིག་གིས་སྦྱིན་པ་དང་།བཙན་ཕྲོགས་སུ་ཐོབ་པ་དང་།ཁ་དུམ་པ་དང་།།
ང་འགའ་འཕྲད་པ་དང་།གོས་ཟས་ཀྱིས་འཚོ་བ་དང་སེམས་འདུས་པ་སྟེ་བདུན་ནོ།།
དེ་ལ་དང་པོ་གསུམ་ནི་དམ་པ་གསུམ་དང་།ཕྱི་མ་བཞི་ལ་དམན་༼༢༡བ༽པ་བཞི་ཞེས་པའི་ཐ་སྙད་དུ་བྱེད་ལ།དེའི་དང་པོ་གསུམ་ཆུང་མ་མིན་པར་བསྒྲགས་པ་དང་།དྲིལ་བསྒྲགས་ནས་སླར་ཆུང་མ་མ་ཡིན་པར་གྱུར་པ་སྤྲད་ན་ལྷག་མའོ།།
དང་པོ་གསུམ་ལ་ཡང་།སྐྱེས་པ་དང་དུམ་པ་བཅད་པ་དང་།རྡེའུ་གསུམ་གཏོར་བ་དང་།ཆོ་ག་བཏང་བ་རྣམས་བཟླུམས་པ་དང་།མངལ་དུ་གནས་པ་དང་།རབ་ཏུ་བྱུང་བ་ཕོ་མོ་དང་།ཟ་མ་སོགས་བསྟེན་པའི་ནུས་མེད་དང་།ཆུང་མར་གྱུར་པ་སྤྲད་པ་དང་།ལན་བཞིར་ཞུགས་པ་ནི་མཐུན་ཟིན་པའི་ཕྱིར་དང་།དུས་བཏབ་པ་སྟོན་པ་དང་།འཐབས་དཀྲོལ་གྱིས་འཕྲོག་པ་དང་།ཆེ་གེ་མོ་ཉོས་ཤིག་ཟེར་བ་དང་།བུ་མོ་བྱིན་ཟིན་པ་དོར་བྱས་ཏེ།མ་བྱིན་པ་སྤྲད་པ་དང་།དགེ་འདུན་གྱི་ཆོས་སྟོན་གྱི་དོན་དང་།རང་ལ་ཟས་སྦྱིན་པ་སོགས་ཀྱི་དོན་དུ་སྦོམ་པོའོ།།
ཕན་ཚུན་ཕྲིན་རེ་ལའང་སྦོམ་པོ་རེའོ།།
བཤགས་སྡོམ་གྱི་ཉེས་བྱས་སྔ་ར་བཞིན་ལ།ཆུང་མ་དང་པོ་གསུམ་ལ་འཐབ་པ་ཙམ་དང་།འཐབས་པའི་འོག་ཏུ་སྡུམ་ཙམ་བྱེད་པ་དང་།བུད་མེད་ཉོས་ཤིག་རྙེད་མོད་ཟེར་བ་ཙམ་དང་།དུད་འགྲོ་སྨྱན་བྱེད་ན་ཉེས་བྱས་སོ།།
དྲུག་པ་ཁང་པ་ལ།བཅས་པའི་རྟེན་དགེ་སློང་ཞེས་སྨོས་ནས།བདག་གིས་བླངས་པ་ཞེས་སོགས་ནས་བལྟ་བར་བྱའོ།།
ཞེས་པའི་བར་ནི་བསྒྲུབ་པར་བསྟན་ནས།དགག་བྱའི་ཕྱོགས་ལ།རྟེན་གཞི་དང་བཅས་པ་གལ་ཏེ་ཞེས་སོགས་ནས་ལྷག་མའོ།།
ཞེས་པའི་བར་གྱིས་ཏེ།དེ་ཉིད་བརྗོད་ན།རང་ངམ་གཞན་བསྒོས་པས་ས་གཞི་ཡོ་བྱད་གཞན་ལས་བཙལ་བ་དང་།སྲོག་ཆགས་ཕྲ་མོ་དང་བཅས་པས།གཞི་མི་རུང་བ་རྩོད་པ་དང་བཅས་པ།མི་བརྟན་༼༢༢ན༽པས་བརྩམ་དུ་མི་རུང་བ་གསུམ་དང་ལྡན་པས་གཞི་མ་དག་པ་དང་།དགེ་འདུན་ལས་གནང་བ་མ་ཐོབ་པ་དང་།ཚད་ལས་ལྷག་པ་དང་།ཕལ་ཆེར་བསྐོར་ཞིང་སྟེང་གཡོགས་པ་གང་ཟག་གཅིག་གི་དོན་དུ་གྲུབ་པ་ན་དངོས་གཞིའོ།།
ཚད་ནི་ཆུང་མཐའ་སྤྱོད་ལམ་བཞི་ཤོང་པ་ཡན་ཆད་ནས་ཆེ་ཚད་མི་འབྲིང་པོའི་སྲིད་དུ་ཁྲུ་བཅོ་བརྒྱད།ཞེང་དུ་ཁྲུ་ཕྱེད་དང་བཅུ་གཅིག་ནི་ཁང་པའི་ཚད་དོ།།
ཡན་ལག་དེ་དག་ལས་གང་རུང་ཞིག་མ་ཚང་བ་དང་།བསྐོར་ཞིང་ཁ་བསྐ་བ་པ་དང་།ཚད་ལས་ལྷག་པ་གཉིས་མ་ཚང་ན་མ་དག་པ་དང་གནང་བ་མ་ཐོབ་པ་གཉིས་ལ་ཉེས་བྱས་སོ།།
བསླབ་བྱ་ནི།ས་གཞི་དང་ཡོ་བྱད་མ་བཙལ་ཞིང་གཞི་དག་པར་ཁང་པ་བྱེད་པ་དགེ་འདུན་ལས་གནང་བ་གསོལ་དགོས་ཤིང་།དགེ་འདུན་གྱིས་ཀྱང་ཐམས་ཅད་ཀྱིས་སོ།།
བསྐོས་པས་གཞི་དག་མ་དག་བརྟགས་ནས།དག་ན་གནང་བ་བྱིན་ཅིང་གནང་བ་དང་མི་འགལ་བར་བྱའོ།།
ཁང་པ་གཞན་གྱིས་བྱས་ཟིན་པ་རྙེད་པ་ལོངས་སྤྱོད་པ་དང་།རྙིང་པ་འཆོས་པ་ལ་ལྟུང་བ་མེད་དོ།།
བདུན་པ་ཁང་ཆེན་ལ་བསླབ་བྱ་ནི།དགེ་སློང་གིས།ཞེས་སོགས་སོ།།
རྟེན་གཞི་དང་བཅས་པ་ནི་གལ་ཏེ།ཞེས་སོགས་སོ།།
ཆེད་དུ་བྱ་བ་སྦྱོར་བ་དང་བཅས་པ་ནི་དགེ་འདུན་གྱི་ཞེས་སོགས་སོ།།
དེ་ཉིད་བཤད་པར་བྱ་སྟེ།ཁང་ཆེན་བརྩིགས་པའི་གཞི་གོང་ལྟར་མ་དག་པ་གསུམ་དང་ལྡན་པ།དགེ་འདུན་ལས་གནང་བ་མ་ཐོབ་པ།ཡོ་བྱད་བཙལ་བའམ་མ་བཙལ་བ་གང་ཡང་རུང་བ།འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་ཁྱིམ་པའམ།༼༢༢བ༽རབ་བྱུང་གང་ཟག་བཞིར་ལོངས་པ་ཡན་ཆད་ཀྱི་དོན་དུ་བརྩིགས་པ་དགོས་ཤིང་།སྦྱོར་བ་མཐར་ཐུག་ཁང་པའི་སྐབས་བཞིན་ནོ།།
ཁང་པའི་ལྷག་མ་བསྐྱེད་པ།ལ་བཙལ་པ་དང་ཚད་ལས་ལྷག་པ་ཡན་ལག་ཏུ་དགོས་ཤིང་།ཁང་ཆེན་ལ་བཙལ་བ་མ་བཙལ་འདྲ་ཞིང་ཚད་མ་གསུངས་པས་ཚད་ལས་ལྷག་པའི་ལྟུང་བ་མེད་དོ།།
གཞི་མ་དག་པ་གསུམ་དང་།མི་བརྟན་པ་དང་།བསྐོར་ཞིང་སྟེང་མ་གཡོགས་པ་དང་།བདག་པོ་གཉིས་གསུམ་གྱི་དོན་དུ་བྱས་པ་རྣམས་ལ་སྦོམ་པོའོ།།
སྦྱོར་བ་སོགས་གོང་བཞིན་ལ།བསླབ་བྱ་ནི་གཞི་དང་ཡོ་བྱད་བཙལ་མ་བཙལ་གང་ཡང་རུང་བས་ཁང་ཆེན་བརྩེགས་པའི་ཚེ་དགེ་འདུན་ལ་གནང་བ་གསོལ་བ་དང་དགེ་འདུན་གྱིས་གནང་བ་སྟེར་བ་སོགས་ཁང་པའི་སྐབས་བཞིན་ནོ།།
བརྒྱད་པ་གཞི་མེད་ལ།རྟེན་བསམ་པ་དང་བཅས་པ་ནི།ཡང་དགེ་སློང་གང་ཞེས་སོགས་སོ།།
ཡུལ་གྱི་མཚན་ཉིད་ནི།དགེ་སློང་དག་པ།ཞེས་སོགས་སོ།།
སྦྱོར་བ་ནི།སྐུར་པ།ཞེས་སོགས་སོ།།
དོགས་གཅོད་ནི།དུས།ཞེས་སོགས་སོ།།
དེ་ཉིད་བརྗོད་པར་བྱ་སྟེ།དེ་ལ་དགེ་སློང་གིས་དགེ་སློང་དང་དགེ་སློང་མ་མ་ཉམས་པའམ།ཉམས་ཀྱང་ཉམས་པར་མ་གྲགས་པ་ཡན་ཆད་ལ་སྐུར་པ་གདབ་བྱའི་དངོས་པོ་ཕམ་པའི་སྒོ་ནས་མཐོང་ཐོས་དོགས་གསུམ་གྱི་གཞི་མེད་བཞིན་དུ་སྨྲ་བའི་ཡུལ་སྨྲ་ཤེས་དོན་གོ་མི་ཡིན་པ་ཤེས་པ་རང་བཞིན་དུ་གནས་པ།མ་ནིང་དང་མཚན་གཉིས་པ་མ་ཡིན་པ།གཟུགས་གཞན་དུ་བསྒྱུར་བ་དང་མི་སྣང་བར་བྱས་པ་མ་ཡིན་པ་ལ།འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་གདབ་བྱའི་ཡུལ་དེ་ཉམས་པར་འདུན་༼༢༣ན༽པས་སྐུར་འདེབས་ཀྱི་ཚིག་གསལ་པོར་སྨྲས་ཤིང་ཕ་རོལ་པོས་གོ་བའོ།།
སྐུར་པ་གདབ་བྱའི་མིང་མ་སྨོས་པར་འདེབས་པ་དང་།སྤྲིང་ཡིག་སོགས་ཀྱིས་དང་།མཚམས་མེད་སོགས་ཀྱིས་གདབ་ན་སྦོམ་པོའོ།།
བཤགས་སྡོམ་གྱི་ཉེས་བྱས་སོགས་སྔ་ར་བཞིན་ནོ།།
དགུ་པ་བག་ཙམ་ལ།རྟེན་བསམ་པ་དང་བཅས་པ་ན་ཡང་ཞེས་སོགས་སོ།།
ཡུལ་གྱི་མཚན་ཉིད་ནི།དགེ་སློང་།ཞེས་སོགས་སོ།།
གཞན་གྱི་ཆ་མ་ཡིན་པ།ཞེས་སོགས་སོ།།
དེ་ཉིད་བཤད་པར་བྱ་སྟེ།གཞི་བསམ་མཐར་ཐུག་གཞི་མེད་དང་འདྲ་ལ།སྦྱོར་བ་ཡུལ་དགེ་སློང་འདི་བུད་མེད་འདི་དང་མི་ཚངས་པར་སྤྱོད་པ་མཐོང་ངོ་།།
ཞེས་སོགས་བྱེད་པོ་དང་བྱ་བ་སྦྱར་ཏེ་གསལ་བར་མ་སྨྲས་པ་དང་།སྨྲས་པ་ནི་ཁྱད་པར་ཡིན་ནོ།།
བཤགས་སྡོམ་གྱི་ཉེས་བྱས་སྦྱོར་བ་སོགས་གོང་བཞིན་ནོ།།
བཅུ་པ་དགེ་འདུན་དབྱེན་ལ།གང་ལ་གཞམ་བསྒོ་བྱ་བའི་ཡུལ་ནི།ཡང་དགེ་སློང་།ཞེས་སོགས་སོ།།
རྟེན་གང་གིས་བཟློག་པ་ནི།དགེ་སློང་རྣམས།ཞེས་སོགས་སོ།།
ཚུལ་ནི།འདི་སྐད་ཅེས་སོགས་སོ།།
ཅི་ལྟ་བུའི་གནས་པ་ནི།ཚེ་དང་ལྡན་པ།ཞེས་སོགས་སོ།།
གསོལ་བ་དང་བཞིའི་ལས་ཀྱིས་བཟློག་པ་ནི།དགེ་སློང་།ཞེས་སོགས་སོ།།
དེ་ཉིད་བརྗོད་པར་བྱ་སྟེ།འདི་ལ་གཞིའི་ཡན་ལག་ནི་གནས་མཚམས་ནང་ཡིན་པ།དུས་བསྟན་པ་ལ་སྐྱོན་བྱུང་བའི་འོག་ཡིན་པ།འབྱེད་པ་པོ་ཁ་སྐོང་བར་འོས་པའི་དགེ་སློང་གི་དངོས་པོ་ཆོས་མ་ཡིན་གྱི།ལྟ་བས་དགེ་སློང་རང་མ་གཏོགས་པར་བྱས་པའི་དགེ་སློང་ཕན་ཚུན་བཞི་བཞི་ཡན་ཆད་དུ་ལོངས་པ་ལ།འདུ་ཤེས་མ་འཁྲུལ་ཞིང་།ཀུན་༼༢༣བ༽སློང་དགེ་འདུན་གྱི་དབྱེན་བྱེད་པ་ལ་ཞུགས་པ།དགེ་འདུན་གྱི་གཞམ་བསྒོ་སོགས་ཀྱིས་བཟློག་ཀྱང་།སྦྱོར་བ་དེ་མི་གཏོང་བར་བསྒྲུབ་ན་མཐར་ཐུག་བརྗོད་པ་གསུམ་པའི་མཐའ་ལ་མ་གཏོང་ན་དངོས་གཞིའོ།།
དབྱེན་ལ་ཞུགས་པ་ན་གླེང་དྲན་དང་གཞམ་བསྒོས་བཟློག་ཀྱང་དེ་ལ་མི་གཏོང་ན་གསོལ་བ་དང་བརྗོད་པ་གཉིས་ཀྱི་སྐབས་རྣམས་སུ་སྦོམ་པོ་རེ་རེ་བསྐྱེད་ལ།གཞན་གྱི་འཁོར་ཁ་འདྲེན་པ་ཡང་སྦོམ་པོའོ།།
བཤགས་སྡོམ་གྱི་ཉེས་བྱས་སྔ་ར་བཞིན་ནོ།།
བཅུ་གཅིག་པ་དེའི་རྗེས་སུ་ཕྱོགས་པ་ནི།དགག་པ་ནི།དགེ་སློང་།ཞེས་སོགས་སོ།།
བཞག་པ་ནི།དེ་ཅིའི་ཕྱིར།ཞེས་སོགས་སོ།།
གཅིག་ཏུ་བྱ་བ་ནི།དགེ་སློང་འདི།ཞེས་སོགས་སོ།།
ཚུལ་ཇི་ལྟར་ཞེ་ན།འདི་སྐད་ཅེས།སོགས་སོ།།
བཟློག་པ་ལས་འདས་པའི་ལྟུང་བ་ནི།ལན།ཞེས་སོགས་སོ།།
དེ་ཉིད་ཀྱི་དོན་ནི།ལྷ་བྱིན་ལྟ་བུ་དབྱེན་བྱེད་པ་ལ་ཞུགས་པ་ན་འདུ་ཤེས་མ་འཁྲུལ་ཞིང་ཀུན་དབྱེན་གྱི་གྲོགས་བྱེད་འདོད་པས།སྦྱོར་བ་དབྱེན་གྱི་གྲོགས་ལ་ཞུགས་པ་ལ་དགེ་འདུན་གྱི་གཞམ་བསྒོ་དང་གསོལ་བཞིས་བཟློག་ཀྱང་མི་གཏོང་ན་མཐར་ཐུག་བརྗོད་པ་གསུམ་པའི་ཚེ་ལྷག་མའོ།།
བཅུ་གཉིས་པ་ཁྱིམ་སུན་འབྱིན་པ་ལ།ཡུལ་གང་ལ་བསྐྲད་པ་ནི།དགེ་སློང་རབ་ཏུ་མང་པོ་ཞེས་སོ།།
ཚུལ་ཇི་ལྟར་བསྐྲད་པ་ནི།འདི་སྐད་ཅེས།སོགས་སོ།།
ཆད་པར་གོ་བ་བྱས་པ་ནི།ཚེ་དང་ལྡན་པ།ཞེས་སོགས་སོ།།
ཡུལ་གང་ལ་བྱ་བ་ནི།གལ་ཏེ།ཞེས་སོགས་སོ།།
གང་གིས་ན།དགེ་སློང་།ཞེས་སོགས་སོ།།
ལས་ཀྱིས་བཟློག་པ་ནི།དགེ་སློང་།ཞེས་སོགས་སོ།།
འདས་པའི་ལྟུང་བ་ནི།ལན་གཉིས།ཞེས་སོགས་སོ།།
དེ་ཉིད་ཀྱི་དོན་ནི།རྟེན་༼༢༤ན༽དགེ་སློང་རང་གི་ཉེས་པ་བསྟན་པའམ།གཞན་གྱི་ཉེས་པ་བསྒྲགས་ཏེ་ཁྱིམ་སུན་འབྱིན་པ་ན་ཡུལ་རང་སྐྲོད་པར་བྱེད་པ་དགེ་འདུན་མཚན་ཉིད་པ་ལ།འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་སྐུར་པ་འདེབས་འདོད་ཀྱི་བསམ་པས་སྦྱོར་བ་དགེ་འདུན་འདི་དག་ནི་འདུན་པ་དང་ཞེ་སྡང་དང་གཏི་མུག་དང་འཇིགས་པས་འགྲོ་བའོ།།
ཞེས་སྐུར་པ་འདེབས་པ་ལ་གཞམ་བསྒོ་སོགས་ཀྱིས་བཟློག་ཀྱང་མ་བཏང་ན་བརྗོད་པ་གསུམ་པའི་ཚེ་ལྷག་མའོ།།
བཅུ་གསུམ་པ་བཀའ་བློ་མི་བདེ་བ་ལ།ཡུལ་གང་ལ་གཞམ་སྟེ་བསྒོ་བ་ཞེས་སོགས་ཏེ།གཞན་རྣམས་ནི་གོ་བར་ཟད་ལ།བཟློག་པ་ལས་འདས་པའི་ལྟུང་བ་ནི་ལན་གཉིས་ཞེས་སོ།།
དེ་ཉིད་བཤད་དེ།དེ་ཡང་དགེ་སློང་ལ་ལྟུང་བ་བྱུང་བ་ལྷག་པའི་ཚུལ་ཁྲིམས་ཀྱིས་གླེང་བ་ན།འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་འགོག་འདོད་ཀྱི་བསམ་པས་སྦྱོར་བ་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་།བདག་ལ་ཅི་ཡང་མ་སྨྲ་ཞིག་ཅེས་གླེང་བ་འགོག་པ་ལ་དགེ་འདུན་གྱི་གཞམ་བསྒོ་སོགས་ཀྱིས་བཟློག་ཀྱང་མ་གཏོང་ན་བརྗོད་པ་རྫོགས་པ་ན་ལྷག་མའོ།།
བསྒོ་གྱུར་གྱི་ལྟུང་བ་བཞི་པོ་འདི་ལ་དབྱེན་དང་རྗེས་ཕྱོགས་གཉིས་ལ་འཇུག་པ་ཙམ་ན་ཉེས་བྱས།ཁྱིམ་སུན་འབྱིན་པ་ལ་བསྐྲད་པ་ནན་ཏུར་མ་བྱས་པ་དང་།བཀའ་བློ་མི་བདེ་བ་ལ་གླེང་དྲན་མ་བྱས་གོང་ཉེས་བྱས།ཚིག་འཇམ་པོས་གཞམ་སྟེ་བསྒོ་བ་དང་།གསོལ་བ་དང་།བརྗོད་པ་གཉིས་དང་།གསུམ་པ་མ་རྫོགས་གོང་རྣམས་སུ་སྦོམ་པོ་རེ་རེ།གསུམ་པ་རྫོགས་པ་ན་ལྷག་མ་སྟེ་ལྟུང་བའི་བསྒོ་དྲུག་ཏུ་ཤེས་པར་བྱའོ།།
དེ་ལྟར་ལྷག་མའི་བསླབ་པ་བཅས་པའི་སྐབས་༼༢༤བ༽བསྟན་ནས།འདོན་པའི་མཇུག་བསྡུ་བ་ནི།ཚེ་དང་ལྡན་པ།ཞེས་སོགས་སོ།།
རྟོགས་པར་སླ་བའི་དོན་དུ་དོན་བསྡུ་བ་ནི།དེ་དག་ལས་དགུ་ནི་ཞེས་སོགས་སོ།།
ལྟུང་བ་དག་པའི་དོན་དུ་ཕྱིར་བཅོས་པ་ནི།དགེ་སློང་གིས།ཞེས་སོགས་སོ།།
རྣམ་པར་བཞག་པ་བསྒྲག་པ་ནི།དེ་ལ།ཞེས་སོགས་སོ།།
ལྷག་མའི་འདོན་པ་གསལ་བར་བཤད་ཟིན་ཏོ།།
གསུམ་པ་མ་ངེས་པ་འདོན་པ་ལ།སྒྲོ་སྐུར་སྤང་བའི་ཕྱིར་སྡོམ་ནི།སྡོམ་ལ་ཞེས་སོགས་སོ།།
ལུང་ལ་གུས་པ་བསྐྱེད་ཅིང་ལུང་འབོག་པ་ནི།ཚེ་དང་ལྡན་པ།ཞེས་སོགས་སོ།།
བཅས་པའི་སྐབས་ནི།ཡང་དགེ་སློང་།ཞེས་སོགས་སོ།།
འདོན་པ་འཇུག་བསྡུ་བ་ནི།ཚེ་དང་ལྡན་པ།ཞེས་སོགས་སོ།།
དགེ་བ་རྣམ་པར་བཞག་པ་བསྒྲག་པ་ནི།དེ་ལ།ཞེས་སོགས་སོ།།
དེ་ཉིད་ཀྱི་དོན་བཤད་ན།དབེན་པ་སྐྱབས་ཡོད་པ་ན་དགེ་སློང་ཕོ་མོ་པུས་མོ་སྤྲད་དེ་ཆོས་སྟོན་པ་ནི་ཕམ་ལྷག་གང་རུང་དུ་འབྱུང་དུ་ཉེ་ལ།ཕམ་པ་ཡང་མ་ངེས།ལྷག་མ་ཡང་མ་ངེས་པའོ།།
དབེན་པ་སྐྱབས་ཡོད་པ་ན་དགེ་སློང་ཕོ་མོ་ཕན་ཚུན་དུ་བསྡད་དེ།ལྟུང་བྱེད་དང་སོར་བཤགས་དང་ཉེས་བྱས་གསུམ་པོ་གང་རུང་ནི་འབྱུང་དུ་ཉེ་ལ།ལྟུང་བྱེད་ཁོ་ན་འབྱུང་བ་ལ་མ་ངེས།སོར་བཤགས་ཁོ་ན་འབྱུང་བ་ཡང་མ་ངེས།ཉེས་བྱས་ཁོ་ན་འབྱུང་བ་ཡང་མ་ངེས་པས་མ་ངེས་པའོ།།
རིལ་གྱིས་འདོན་པ་ལས་སྤང་ལྟུང་གི་སྡེ་ནི།སྒྲོ་འདོགས་སྐུར་འདེབས་སྤོང་བའི་དོན་དུ་སྡོམ་ལ།ཞེས་སོགས་སོ།།
ལུང་འབོག་པ་ནི།ཚེ་དང་ལྡན་པ།ཞེས་སོགས་སོ།།
འཆང་བ་ལ།རྟེན་བཅང་དུ་གནང་བའི་དུས་དང་བཅས་པ་ནི།ཡང་ཞེས་སོགས་སོ།།
དུས་༼༢༥ན༽ལས་འདས་པའི་ལྟུང་བ་ནི་དེ་ལས་འདས་ན་ཞེས་སོགས་སོ།།
དེ་ཉིད་བཤད་པར་བྱ་སྟེ།གོས་རུང་བ་ཚད་དང་ལྡན་པ།རང་གི་ཡིན་པ།།
བྱིན་གྱིས་མ་བརླབས་པའམ།བརླབས་ཀྱང་ཤན་གྱིས་གོས་པ།རྟེན་སྲ་བརྐྱང་མ་བཏིང་པའི་དགེ་སློང་གིས་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་དོན་དུ་འཆང་བར་འདོད་པས་སྦྱོར་བ་རང་སྟོབས་སམ་ཤན་སྟོབས་གང་རུང་གིས་ཞག་བཅུར་བཅང་པ།མཐར་ཐུག་བཅུ་འདས་ཏེ་བཅུ་གཅིག་པའི་སྐྱ་རེངས་དང་པོ་ཤར་བའི་ཚེ་འཆང་བའི་སྤང་ལྟུང་འབྱུང་ངོ་།གཞན་ལ་ཞེ་ཐག་པ་ནས་བསྔོས་པ་དང་།ལྷག་པོ་དང་མཁོ་བའི་ཡོ་བྱད་དུ་བྱིན་གྱིས་བརླབ་པ་དང་།སྲ་བརྐྱང་བཏིང་ཆགས་ལ་ལྟུང་བ་འདི་མི་འབྱུང་ངོ་།།
ཤན་བརྡེག་ཚུལ་ལ།བྱིན་གྱིས་བརླབས་པས་བྱིན་གྱིས་བརླབ་པ་ལ་བརྟེན་ན།ཞག་བདུན་པའི་སྨན་བུ་རམ་ལྟ་བུ་ཞིག་ཚེས་གཅིག་ལ་བྱིན་གྱིས་བརླབས།ཚེས་གཉིས་ལ་རིགས་འདྲ་ཕྱི་མ་ཞིག་བྱིན་གྱིས་བརླབ་ཅིང་བཅངས་ན།སྔ་མས་ཞག་བདུན་འདས་པ་ན་ཕྱི་མས་ཞག་བདུན་མ་ལོན་ཀྱང་ལོན་པའི་དོད་བྱས་ནས་གཉིས་ཀ་ལ་བརྟེན་པའི་ལྟུང་བ་འབྱུང་བ་ལྟ་བུའོ།།
མ་བརླབས་པས་མ་བརླབས་པ་ལ་རྡེག་པའི་ཤན་ནི།འཆང་བའི་སྐབས་སུ་ཚེས་གཅིག་ལ་གོས་སམ་ལྷུང་བཟེད་ཅིག་རྙེད།ཚེས་བརྒྱད་ལྟ་བུ་ལ་གཞན་ཞིག་རྙེད་དེ།སྔ་ཕྱི་གཉིས་ཀ་མ་བརླབ་པར་བཅངས་ནས།སྔ་ར་རྙེད་དེ་ཞག་བཅུ་འདས་ནས་ཕྱི་མས་ཞག་བཅུ་མ་ལོན་ཀྱང་ལོན་པའི་དོད་བྱས་ནས་གཉིས་ཀ་ལ་ལྟུང་བ་འབྱུང་བའོ།།
ལྟུང་བ་འདི་སྨན་ལ་མེད་དེ།ཕྱི་མ་༼༢༥བ༽མེད་གོང་དུ་སྔ་མ་ལས་ལྟུང་བ་བྱུང་ཟིན་པའི་ཕྱིར།རྣམ་པར་བཞག་པ་འདི་ནི་ཞག་ཤན་ཡིན་ལ།བྱིན་གྱིས་མ་བརླབ་པའི་ཤན་མ་ཡིན་ནོ།།
ཚེས་གཅིག་ལ་སྨན་ནམ་གོས་སམ་ལྷུང་བཟེད་གཉིས་རྙེད་པ་ལས།གཅིག་བརླབས་གཅིག་མ་བརླབ་པར་རང་རང་གི་ཞག་དུས་འདས་པར་བཅངས་ན།མ་བརླབས་པ་དེས་བརླབས་པ་དེ་ལ་ཤན་གྱིས་གོས་ནས་ལྟུང་བ་གཉིས་འབྱུང་བ་ལྟ་བུའོ།།
རྣམ་གཞག་འདི་ནི་མ་བརླབས་པའི་ཤན་ཡིན་གྱི།ཞག་ཤན་མ་ཡིན་པའོ།།
ཡང་ཚེས་གཅིག་ལ་གོས་སམ་ལྷུང་བཟེད་གཅིག་རྙེད་པ་དེ་མ་བརླབས།ཚེས་གཅིག་ལ་ཕྱི་མ་ཞིག་རྙེད་དེ་བརླབས་ནས་སྔ་མ་ཞག་བཅུ་ལོན་པ་ན་ཕྱི་མས་བརླབས་ནས་ཞག་བཅུ་མ་ལོན་ཀྱང་ལོན་པའི་དོད་བྱས་ནས་ཤན་གྱིས་གོས་པས་རྣམ་པར་བཞག་པ་འདི་ནི་མ་བརླབས་པ་དང་ཞག་གི་ཤན་གཉིས་ཀ་ཡིན་པ་ལྟ་བུའོ།།
འདི་སྨན་ལ་མེད་དེ་སྔ་མ་ལ་བྱིན་ལེན་བྱས་ནས་ལྟུང་བ་བྱུང་ཟིན་པའི་ཕྱིར།སྤང་ལྟུང་སུམ་ཅུ་ལས་གང་རུང་གི་ལྟུང་བ་བྱུང་ནས་མ་བཤགས་ཀྱི་བར་ལ་གོས་སོགས་རུང་བ་ཚད་དང་ལྡན་པ་ཞིག་རྙེད་ན་སྔ་མའི་ཤན་གྱིས་ཕྱི་མ་ཡང་ཕྱིར་བཅོས་བྱེད་ཚེ་སྤངས་དགོས་པའོ།།
རྣམ་གཞག་སྔ་མ་གསུམ་ནི་ལྟུང་བའི་ཤན་ཡིན་ལ།ཕྱི་མ་ནི་སྤངས་ཙམ་གྱི་ཤན་ནོ།།
གཉིས་པ་འབྲལ་བ་ནི།རྟེན་གཞི་དང་བཅས་པ་ནི།དགེ་སློང་།ཞེས་སོ།།
སྦྱོར་བ་དམིགས་བསལ་དང་བཅས་པ་ནི།མཚམས་ཀྱི།ཞེས་སོགས་སོ།།
དེ་ཡང་རང་གི་ཆོས་གོས་གསུམ་གང་ཡང་རུང་བ།རུང་བ་ཚད་ལྡན་བྱིན་གྱིས་བརླབས་པ་འཇིག་པ་དང་བཅས་པའི་དགོས་པ་ལས་གཞན་པའི་རྟེན་གང་ཟག་སྲ་བརྐྱང་བཏིང་ཆགས་དང་སྣམ་སྦྱར་དང་མི་༼༢༦ན༽འབྲལ་བའི་གནང་བ་ཐོབ་པ་མིན་པས་འདུ་ཤེས་མ་འཁྲུལ་ཞིང་།ཀུན་སློང་འབྲལ་འདོད་ཀྱི་བསམ་པ་དང་ལྡན་པས་སྦྱོར་བ་ཆོས་གོས་བཞག་པའི་གནས་ཉེ་འཁོར་དང་བཅས་པ་ལས་ཕྱི་རོལ་ཏུ་མཚན་མོ་འདས་ནས་མཐར་ཐུག་ཞག་ཕྱི་མའི་སྐྱ་རེངས་དང་པོ་ཤར་ནས་འབྲལ་བའི་སྤང་བའོ།།
ཆོས་གོས་ཚད་ལས་ཆུང་བ་དང་རུང་བ་མ་ཡིན་པ་དང་།རྒྱུའི་བྱིན་རླབས་ཅན་རྣམས་དང་བྲལ་བ་ལ་ཉེས་བྱས་སོ།།
བསླབ་བྱ་ནི་གདིང་བ་ཉི་མ་དེ་རིང་ལ་ཕྱིར་བཟློག་བསམ་པ་མེད་པར་མི་བཞག།དེ་ལྟར་བསམས་ཏེ་སོང་བ་ལས་ལྡོག་མ་ནུས་ན།གཞན་ལས་གཡར་ཞིང་མ་རྙེད་ན།བླ་གོས་བཞི་བལྟབས་སུ་བྱས་པའི་སྟེང་དུ་ཡུན་རིང་མི་ཉལ་བར་བྱ།སྣམ་སྦྱར་ནི་བཞག་པའི་གནས་སུ་བརླག་ཉེན་མེད་ཅིང་།ཁྱེར་བའི་བར་ཉེན་ཡོད་ན་བཞག་པར་བྱ་སྟེ།དེ་ལས་ལྡོག་ན་ཁྱེར་བར་བྱ།སྲ་བརྐྱང་བཏིང་བ་དང་།མི་འབྲལ་བའི་གནང་བ་ཐོབ་ན་མ་ཁྱེར་ཡང་ཉེས་པ་མེད་ཅིང་།ཉི་མ་དེ་ཉིད་ལ་ཕྱིར་ལྡོག་བསམས་ནས་སོང་བ་ལ་བཟློག་མ་ནུས་ན་དེའི་བྱིན་རླབས་ཕྱུང་སྟེ་ཁྱིམ་པའི་གོས་ཡན་ཆད་གང་རུང་ལ་བྱིན་གྱིས་བརླབ་བོ།།
བྱིན་གྱིས་བརླབས་པའི་ཡུལ་མེད་ན་རང་གིས་ཀྱང་ངོ་།།
གསུམ་པ་ནི།ཟླ་འཇོག་ལ་རྟེན་གྱིས་བླང་དུ་རུང་བར་བསྟན་པ་ནི་དགེ་སློང་ཞེས་སོགས་སོ།།
བླངས་ནས་དུས་ལས་འདས་པའི་ལྟུང་བ་ནི་དེ་ལས་ཞེས་སོགས་སོ།།
དེ་ཡང་རྟེན་སྲ་བརྐྱང་མ་བཏིང་ཞིང་ཆོས་གོས་གསུམ་གང་རུང་མེད་པའི་དགེ་སློང་གིས་འཇོག་པའི་དངོས་པོ་གྱོན་བྱར་རུང་བ་གྲུ་གང་དུ་ལངས་ཤིང་འཁོར་གསུམ་མི་ཁེབས་པ་ཁ་སྐོང་ལ་རེ་བ་དང་༼༢༦བ༽བཅས་པ།བྱིན་གྱིས་མ་བརླབ་པའམ།མ་བརླབས་པའི་ཤན་གྱིས་གོས་པ།འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་དོན་དུ་ཞག་སུམ་ཅུར་འཆང་འདོད་པའི་བསམ་པས་དེ་ལྟར་བཅངས་ཏེ་མཐར་ཐུག་ཞག་སོ་གཅིག་པའི་སྐྱ་རེངས་ཤར་བའི་ཚེ་སྤང་བའོ།།
ཁྲུ་གང་བས་ཆུང་བ་དང་།རྒྱུ་མི་རུང་བ་དང་།གཞན་དོན་དུ་དང་།དཀར་པོ་མིན་པའི་ཁ་དོག་སོགས་མི་མཐུན་པ་དང་།གདོང་ཕྱིས་ཆུ་ཚགས་སོགས་བྱིན་གྱིས་མ་བརླབས་པར་ཟླ་བར་བཞག་ན་ཉེས་བྱས་སོ།།
བསླབ་བྱ་ལ།སྣམ་སྦྱར་དང་གདིང་བ་གཉིས་རྒྱུ་གསར་པ་ལ་མཐའ་གཉིས་རིམ་དུ་བྱ།བླ་གོས་མཐང་གོས་གཉིས་ལ་མཐའ་གཅིག་རྐྱང་།ཟླ་བ་བཞིའི་དུས་ཚིགས་སུ་སྤྱད་པ་ལ་ནི།དེ་དག་གཉིས་འགྱུར་དུ་བྱ་ཞིང་།ལྷག་མ་མི་སྦྱར།སྣམ་སྦྱར་གྱི་སྣམ་ཕྲན་དགུ་པ་ཡན་ཆད་ཉི་ཤུ་རྩ་ལྔ་མན་ཆད་ཟུང་མི་བྱ།སྣམ་ཕྲན་དགུ་པ་བཅུ་གཅིག་པ་བཅུ་གསུམ་པ་གསུམ་ལ་གླེགས་བུ་ཕྱེད་དང་གསུམ་པ་བྱ།སྣམ་ཕྲན་བཅོ་ལྔ་པ་བཅུ་བདུན་པ་བཅུ་དགུ་པ་གསུམ་ལ་གླེགས་བུ་ཕྱེད་དང་བཞི་པ་བྱ།སྣམ་ཕྲན་ཉེར་གཅིག་པ་ཉེར་གསུམ་པ་ཉེར་ལྔ་པ་གསུམ་ལ་གླེགས་བུ་ཕྱེད་དང་ལྔ་པ་བྱ།གླེགས་བུ་དང་གླེགས་བུ་ཕྱེད་པ་མཉམ་དུ་མི་བསྒྲིག་པར་ཕན་ཚུན་སྣྲེལ་བར་བྱ།ཚལ་བུ་རྣམས་ཀྱི་ཁ་དབུས་ནས་གཡས་གཡོན་དུ་ལྟ་བ་དང་།མཐའ་བསྐོར་དང་ལེའུ་ཡི་ཚད་རབ་སོར་བཞི།འབྲིང་སོར་ཕྱེད་དང་གསུམ།ཐ་མ་སོར་གཉིས་སམ་མཐེབ་སོར་གང་བ་བྱ་ཞིང་།སྣམ་སྦྱར་དང་བླ་གོས་ཀྱི་ཆེ་ཚད་སྲིད་དུ་ཁྲུ་ལྔ་དང་ཞེང་དུ་ཁྲུ་གསུམ།ཆུང་ཚད་སྲིད་དུ་ཁྲུ་ཕྱེད་དང་ལྔ་དང་ཞེང་དུ་ཁྲུ་ཕྱེད་དང་གསུམ།འབྲིང་ཚད་ལ་དེའི་བར་དུ་བྱ་༼༢༧ན༽ཞིང་།མཐང་གོས་ནི་དོ་དང་བཞི་ཡང་ཡིན་ལ་དོ་དང་ལྔ་ཡང་ཡིན་ནོ།།
བླ་གོས་ལ་སྣམ་ཕྲན་བདུན་དང་གླེགས་བུ་ཕྱེད་དང་གསུམ་པའོ།།
མཐང་གོས་ལ་སྣམ་ཕྲན་ལྔ་དང་གླེགས་བུ་ཕྱེད་དང་གཉིས་སོ།།
སྣམ་སྦྱར་གྱི་སྣོད་གཏོར་བུ་ནི།སྲིད་དུ་ཁྲུ་གསུམ།ཞེང་དུ་ཁྲུ་ཕྱེད་དང་གསུམ།དབུས་སུ་ཁ་གཏོད་ཅིང་ཁ་རྒྱུན་བུ་གུ་ཅན་ཐིག་གུས་བརྒྱུད་པར་བྱའོ།།
འཁྲུར་འཇུག་པ་ལ།རྟེན་གཞི་དང་བཅས་པ་ནི།ཡང་ཞེས་སོགས་སོ།།
སྦྱོར་བའི་དབྱེ་བ་ནི།འཁྲུར་འཇུག་གམ་ཞེས་སོགས་སོ།།
དེ་ཡང་དགེ་སློང་གིས་ཡུལ་དགེ་སློང་མ་བདུན་བརྒྱུད་ཚུན་ཆད་ཀྱི་ཉེ་དུ་མ་ཡིན་པ་ལ།དངོས་པོ་ཆོས་གོས་གསུམ་བྱིན་གྱིས་བརླབས་པ་དང་གདིང་བ་དག་ལས།གང་རུང་འདུ་ཤེས་མ་འཁྲུལ་པའམ་ཐེ་ཚོམ་ཟ་བཞིན་དུ་ཀུན་སློང་རང་དོན་དུ་འཁྲུར་འཇུག་པའི་བསམ་པས།སྦྱོར་བ་མངོན་སུམ་དུ་འཁྲུར་འཇུག་གམ།འཚེད་དུ་འཇུག་གམ།འཆག་ཏུ་འཇུག་པས་མཐར་ཐུག་གོས་ཀྱི་ཕྱོགས་གཅིག་ཆུར་བཅུག་པ་ཙམ་ན་སྤང་བའོ།།
དྲེའུ་རྔོག་དང་སྔ་ས་དང་གདན་དང་།དགེ་འདུན་གྱི་རྣམས་ལ་ཉེས་བྱས་སོ།།
བསླབ་བྱ་ནི།དགེ་འདུན་གྱི་ཁྲིམས་སུ་བཅས་པ་བསྲུང་བར་བྱའོ།།
གློ་བུར་དུ་འོངས་པས་ཀྱང་དྲིས་ནས་མི་འགལ་བར་བྱ།སངས་རྒྱས་ཀྱི་བཀའ་དང་འགལ་བའི་དགེ་འདུན་གྱི་ཁྲིམས་མ་བསྲུངས་ཀྱང་ཉེས་པ་མེད་དོ།།
ལོན་པ་ལ།རྟེན་ཡུལ་ནི།ཡང་ཞེས་སོགས་སོ།།
སྦྱོར་བའི་དམིགས་བསལ་ནི་ལན་གཅིག་ཅེས་སོགས་ཏེ།།
བརྟེན་ཡུལ་གོང་དང་འདྲ་ཞིང་།དངོས་༼༢༧བ༽པོ་གོས་སམ་མཚོན་པས་ལྷུང་བཟེད་རུང་བ་ཚད་དང་ལྡན།སྦྱོར་བ་ངག་གི་རིག་བྱེད་ཀྱིས་བླངས་ཏེ་མཐར་ཐུག་ལག་ཏུ་ཐོབ་ན་སྤང་བའོ།།
བདུན་པ་སྟོད་གཡོགས་སྨད་གཡོགས་དང་བཅས།ཞེས་སློང་བར་མི་རིགས་པ་སློང་བའི་སྤང་བ་ལ།རྟེན་གྱིས་བསླང་བར་གནས་པ་བརྟན་པ་ནི།ཡང་དགེ་སློང་ཞེས་སོགས་སོ།།
སླད་དུ་བསླང་བའི་ཚད་ནི།གལ་ཏེ་ཞེས་སོགས་སོ།།
ཚད་ལས་འདས་པའི་ལྟུང་བ་ནི།དེ་ལས་ཞེས་སོགས་སོ།།
དེ་ཡང་།རྟེན་དགེ་སློང་ཆོས་གོས་ཚང་མ་ཡོད་པས།ཡུལ་ཁྱིམ་པ་ཉེ་དུ་མ་ཡིན་པ་ལ་དངོས་པོ་ཁྱིམ་པའི་འམ།རབ་ཏུ་བྱུང་བའི་གོས་སྟོད་གཡོགས་སྨད་གཡོགས་ཙམ་ལས་ལྷག་པ།འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་བསླང་འདོད་ཀྱི་བསམ་པ།སྦྱོར་བ་ངག་གི་རིག་བྱེད་ཀྱིས་བསླངས་ཏེ་མཐར་ཐུག་ཐོབ་པ་ན་སྤང་བའོ།།
རང་ལ་འཚོ་བའི་ཡོ་བྱད་ཀྱི་གོས་མེད་པ་སློང་བར་རིགས་ཀྱི།ལྷག་པོར་བླངས་ན་ལྟུང་བར་འགྱུར་རོ།།
བརྒྱད་པ་དཔོགས་པ་སློང་བ་ནི།ཡུལ་ཚད་དུ་བྱ་བ་དང་བཅས་པ་ནི་དགེ་སློང་གིས་ཞེས་སོགས་སོ།།
སྦྱོར་བའི་མཚན་ཉིད་ཀུན་སློང་དང་བཅས་པ་ནི།དེས་ན་ཞེས་སོགས་སོ།།
མཐར་ཐུག་གི་མཚན་ཉིད་ནི།གོས་དྲུབ་ན་ཞེས་སོགས་སོ།།
དེ་ཡང་དགེ་སློང་སྲ་བརྐྱང་མ་བཏིང་བས་ཡུལ་ཁྱིམ་པ་ཉེ་དུ་མ་ཡིན་པ་ལ།རང་ལ་བསྔོས་པའི་གོས་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་ལ་བསྔོས་པར་ཤེས་པ་ལ་དངོས་སུ་འབུལ་བ་ལོངས་མེད་པར་སྔ་ཚོམས་སུ་བླང་འདོད་པས།སྦྱོར་བ་ངག་གི་རིག་བྱེད་ཀྱིས་བླངས་ཏེ།མཐར་ཐུག་དེའི་རྐྱེན་གྱིས་ཐོབ་ན་སྤང་བའོ།།
དགུ་པ་སོ་སོ་ནས་དཔགས་པ་སློང་བ་༼༢༨ན༽ནི།གཞུང་དོན་གྱི་ཡན་ལག་གསུམ་སྔ་མ་བཞིན་ཡིན་ནོ།།
ལྟུང་བའི་རྣམ་བཞག་ཀྱང་གོང་བཞིན་ལས།འབུལ་བ་པོ་སྤྱི་དང་བྱེ་བྲག་དབྱེ་བ་ལས།གླེང་གཞི་ཁྱད་པར་གྱི་སྤྱི་དང་སོ་སོ་བའི་ཁྱད་པར་རོ།།
བཅུ་པ་བསྐུར་བའི་སྤང་བ་ནི།སྦྱིན་བདག་གིས་ཕོ་ཉ་བ་ལ་བསྐུར་བའི་དོན་ནི།དགེ་སློང་གི་ཕྱིར་ཞེས་སོགས་སོ།།
དགེ་སློང་གིས་ཕོ་ཉ་ལ་སྤང་བར་བསྟན་པ་ནི།དགེ་སློང་ཞེས་སོགས་སོ།།
ཕོ་ཉ་བས་ཞལ་ཏ་བ་ལ་དྲི་ཞིང་དགེ་སློང་གིས་བསྟན་པར་བསྟན་པ་ནི།གལ་ཏེ་ཞལ་ཏ་བགྱིས་པ་ཞེས་སོགས་སོ།།
ཕོ་ཉ་བས་དེ་དག་དགེ་སློང་ལ་གོ་བར་བྱ་བ་ནི།དེ་ནས་ཞེས་སོགས་སོ།།
བསྐུལ་བའི་དོན་ནི།དགེ་སློང་གིས་ཅི་ལྟར་བསྒྲུབ་པ་ནི་དགེ་སློང་གིས་ཞེས་སོགས་སོ།།
མ་གྲུབ་ན་ཅི་ལྟར་བསྒྲུབ་ཅེ་ན།ཚེ་དང་ལྡན་པ་ཞེས་སོགས་སོ།།
ལྷག་པར་བླང་བའི་ལྟུང་བ་དངོས་ནི་གལ་ཏེ་ཞེས་སོགས་སོ།།
རེ་བ་མེད་ན་སྦྱིན་བདག་ལ་སྦྲན་པ་ནི་གལ་ཏེ་ཞེས་སོགས་སོ།།
དེ་ཡང་དགེ་སློང་གིས་ཡུལ་ཞལ་ལྟ་བ་ལ་དངོས་པོ་ཁྱིམ་པ་ཉེ་དུ་མ་ཡིན་པས་བསྐུར་བའི་གོས་ཀྱི་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་འདོད་ཀྱི་བསམ་པས་སྦྱོར་བ་བསྐུལ་བསྡད་དྲུག་ལས་ལྷག་པར་བསླངས་ཏེ་མཐར་ཐུག་ཐོབ་ནས་སྤང་བའོ།།
དགེ་སློང་གིས་སྦྱིན་བདག་གིས་ཆོས་གོས་ཀྱི་རིན་བསྐུར་བའི་ཕོ་ཉ་བས་དགེ་སློང་རང་གིས་བསྟེན་པའི་ཞལ་ཏ་བ་དགེ་བསྙེན་ལྟ་བུ་ལ་གཏད་ན་དེ་ཆོས་གོས་སྒྲུབ་ཏུ་བཅུག་པ་དུས་སུ་མ་བྱུང་ན་ལན་གསུམ་དུ་བསྐུལ།དེར་མ་བྱུང་ན་ལན་གསུམ་དུ་བསྡད།དེ་ལའང་མ་བྱུང་ན་སྦྱིན་པ་པོ་ལ་སྦྲན།སྦྱིན་བདག་གི་༼༢༨བ༽སེམས་བསྡུ་བར་ཁས་ལེན་ན་བསླང་ཞིང་མིན་ལེན་ན་མི་བླང་ངོ་།།
ལྟུང་བ་འདི་རྫོགས་པ་ལ་སྦྱིན་བདག་དང་ཕོ་ཉ་བ་དང་ཞལ་ཏ་བ་གསུམ་ཀ་མི་ཡིན་པ་ལ་ཡིན་གྱི།གང་རུང་རེ་མི་མིན་ན་ཉེས་བྱས་སོ།།
བཅུ་ཚན་གཉིས་པ་ནི།་སྡོམ་ལས།སྲིན་བལ་འབའ་ཞིག་ཆ་གཉིས་དང་།།
དྲུག་དང་མཐོ་གང་ལམ་དང་ནི།།
འཁྲུ་བ་དང་ནི་གསེར་དངུལ་དང་།།
མངོན་མཚན་ཅན་དང་ཉོ་ཚོང་ངོ་།།
ཞེས་པ་ལས་སྲིན་བལ་འབའ་ཞིག་པ་ལ།སྟན་ཡུལ་དང་བཅས་པ་ནི།ཡང་ཞེས་སོགས་སོ།།
སྦྱོར་བའི་མཚན་ཉིད་ནི།རྟེན་ཞེས་སོགས་སོ།།
དེ་ཡང་རྟེན་དགེ་སློང་།དངོས་པོ་ཡུལ་དུས་དེར་དཀོན་པའི་སྲིན་བལ་ཡིན་པ་ལ།ཀུན་སློང་སྟན་བྱེད་འདོད་ཀྱིས་ཀུན་ནས་བསླངས་ཏེ།སྦྱོར་བ་རང་ངམ་གཞན་བསྐོས་པས་མཐར་ཐུག་སྲིན་བལ་བཀྲམ་པ་ཙམ་ན་སྤང་བའོ།།
གཉིས་པ་ནག་པོ་འབའ་ཞིག་པ་ནི།རྟེན་གཞི་དང་བཅས་པ་ནི་ཡང་ཞེས་སོ།།
སྦྱོར་བའི་མཚན་ཉིད་ནི་སྟན་ཞེས་སོ།།
དེ་ཡང་རང་བཞིན་གྱིས་བལ་ནག་པོ་འབའ་ཞིག་དག་ལས་ཉལ་བྱེད་བ་སྟེ་ཡན་ལག་སྔ་མ་བཞིན་ནོ།།
གསུམ་པ་ཆ་གཉིས་བསྲེ་བ་ལ།བསླབ་པར་བྱ་བ་ནི།དགེ་སློང་ཞེས་སོགས་སོ།།
ལྟུང་བ་དངོས་ནི་གལ་ཏེ་ཞེས་སོགས་སོ།།
དེ་ཡང་ནག་པོའི་གསེབ་ཏུ་དཀར་པོ་ཆ་གཉིས་བསྲེ་བ་སྟེ་ཡན་ལག་སྔ་མ་བཞིན་ནོ།།
བཞི་པ་ལོ་དྲུག་གི་ནང་དུ་སྟན་གཉིས་པ་བྱེད་པ་ལ་སྟན་བཅང་དུ་གནང་བའི་དུས་དང་བཅས་པ་ནི་དགེ་སློང་ཞེས་སོགས་སོ།།
དུས་ལས་འདས་པའི་ལྟུང་བ་དམིགས་བསལ་དང་བཅས་པ་ནི་གལ་ཏེ་ཞེས་སོགས་སོ།།
དེ་ཡང་རྟེན་དགེ་སློང་གིས་དངོས་པོ་ལོ་དྲུག་༼༢༩ན༽གི་ནང་དུ་སྟན་མ་སྦྱར་བ་འདི་ཡོད་བཞིན་དུ་འདུ་ཤེས་མ་འཁྲུལ་ཞིང་།།
ཀུན་སློང་རང་གང་སྤྱོད་འདོད་པས་མཐར་ཐུག་ལོངས་སྤྱོད་དེ་རྙིང་པར་གྱུར་ན་དེ་ཡང་སྤང་བའོ།།
དྲུག་པ་བལ་འཁུར་པ་ལས་གྱུར་པའི་སྤང་བ་ནི།བསྐུར་དུ་གནང་བའི་ཚད་ནི་དགེ་སློང་ཞེས་པའོ།།
འདས་པའི་ལྟུང་བ་ནི།དེ་ལས་ཤེས་སོགས་སོ།།
དེ་ཡང་རྟེན་དགེ་སློང་གིས་དངོས་པོ་བལ་གྱི་ཁུར་རང་གི་ཡིན་པ་ངོས་མ་སྤྲོད་པར་ཁུར་པོ་ལོངས་པ་རྒྱང་གྲགས་ལས་འདས་པར་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་གར་དུ་སྦྱོར་བ་བལ་གྱི་ཁུར་ཁྱེར་བ་གཞན་མེད་ན་དཔག་ཚད་གསུམ་ཚུན་ཆད་དུ་ལྟུང་བ་མེད་དོ།།
དེ་ནས་བརྩམས་ཏེ་རྒྱང་གྲགས་གཅིག་གི་མཐར་ཕྱིན་པའམ།ཁུར་ཁྱེར་བ་ཡོད་ན་དང་པོ་ནས་བརྩམས་ཏེ་རྒྱང་གྲགས་རེ་རེའི་མཐར་ལྟུང་བ་རེ་རེའོ།།
དེའི་ཕྱེད་རེར་ཉེས་བྱས་རེ་རེའོ།།
མངོན་ཤེས་ཀྱི་རྫུ་འཕྲུལ་ལས་གཞན་པས་ནམ་མཁའ་ལ་ཁྱེར་ཏེ་འགྲོ་བ་དང་།དུད་འགྲོ་ལ་སོགས་སུ་སྤྲུལ་ཏེ་བལ་ཁྱེར་ཏེ་འགྲོ་ན་ཉེས་བྱས་སོ།།
བསླབ་པ་ནི།ཁྱིམ་པའི་ཁུར་ཕྱེད་ལས་མི་ཁུར།ཞྭ་དང་ལྷྭམ་གྲོག་གུ་ཅན་དང་།སྟོད་སྐོར་ནང་ཚང་ཅན་དང་།སྐ་རག་ཙམ་གྱི་དོན་དུ་བལ་ཁྱེར་བ་ལ་ཉེས་པ་མེད་དོ།།
བདུན་པ་བལ་རྨེལ་དུ་འཇུག་པའི་སྤང་བ་རྟེན་ཡུལ་དང་བཅས་པ་ནི།ཡང་དགེ་སློང་ཞེས་སོགས་སོ།།
སྦྱོར་བའི་དབྱེ་བ་ནི།འཁྲུར་འཇུག་གམ་ཞེས་སོགས་སོ།།
དེ་ཡང་རང་གིས་བྱིན་གྱིས་རློབ་པའི་ཆོས་གོས་བྱེད་པའི་དོན་དུ་ལུག་གི་བལ་འཁྲུར་འཇུག་གམ།ཚེད་དུ་འཇུག་གམ།འཆག་ཅེས་པ་རྨེལ་དུ་འཇུག་ཅེས་འདོན་པ་བསྒྱུར་ཏེ་ལྟུང་བའི་ཡན་ལག་འཁྲུར་འཇུག་གི་སྐབས་༼༢༩བ༽བཞིན་ནོ།།
བརྒྱད་པ་རིན་པོ་ཆེ་བདག་གིར་བྱེད་པའི་སྤང་བ་ནི།རྟེན་གཞི་དང་བཅས་པ་ནི།ཡང་ཞེས་སོགས་སོ།།
སྦྱོར་བའི་མཚན་ཉིད་ནི་ལེན་ཏམ་ཞེས་སོ།།
དེ་ཡང་རྟེན་དགེ་སློང་གིས་རུང་བ་གསུམ་གང་ཡང་མ་བྱས་པའི་དངོས་པོ་གསེར་དངུལ་ལ་སོགས་རིན་པོ་ཆེ་ཡིན་པ།ཉོ་ཚོང་ལ་སོགས་པའི་ཐ་སྙད་གདགས་སུ་རུང་བ།རང་གི་ཡིན་པ།ལག་པས་སླེབ་པའི་མངོན་སུམ་དུ་གནས་པ།འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་དོན་དུ་རང་གར་རེག་པའམ་རེག་འདོད་པས།སྦྱོར་བ་རང་ངམ་གཞན་མངོན་སུམ་དུ་བསྐོས་ཏེ་འདི་ལོངས་ཤིག་འདི་ཞོག་ཅིག་ཅེས་སོགས་ཀྱི་མཐར་ཐུག་རེག་པ་རྫོགས་པ་ན་སྤང་བའོ།།
ལུས་དང་འབྲེལ་པ་དབྱུག་པ་ལ་སོགས་ཀྱིས་རེག་པ་ལ་ནི་ཁྱད་པར་མེད་དོ།།
ཕ་ཚད་ན་འདུག་པ་དང་།རིན་པོ་ཆེ་ཡིན་ཡང་གས་ཆག་ཚིག་པས་ཐ་སྙད་ཉམས་ཏེ་རིན་གདགས་སུ་མི་རུང་བ་དང་།རིན་པོ་ཆེའི་རྣམ་པར་བཅོས་པ་ལ་ཉེས་བྱས་སོ།།
ཞ་ཉེ་ཟངས་ལུགས་སོགས་རིན་པོ་ཆེར་མ་བཅོས་པ་ལ་ཉེས་པ་མེད་དོ།།
བསླབ་བྱ་ནི།སྟོན་པས་གནང་བ་ནི་ཁབ་དང་རྒྱ་སོགས་ལ་རིན་པོ་ཆེ་ཤན་མི་བསྲེ།རག་ཟངས་མཁར་ཤིང་གི་ལྷུང་བཟེད་བདག་གིར་མི་བྱེད།གལ་ཏེ་བྱེད་ན་སྨན་ཕོར་གྱི་བློས་བྱེད།ལྷུང་བཟེད་བརླབ་ཏུ་རུང་བ་ནི།ལྕགས་དང་ས་ལས་བྱས་པ་གཉིས་ཁོ་ནའོ།།
རིན་པོ་ཆེ་རུང་བ་ལ་གསུམ་སྟེ།སྦྱིན་བདག་བདག་པོར་གཞུག་པ་དང་།ཞལ་ཏ་པའམ་གཉེར་ཀ་བྱེད་པའི་དགེ་བསྙེན་བདག་པོར་གཞུག་པ་དང་།སྔགས་ཚིག་གིས་བྱིན་གྱིས་རློབ་པ་སྟེ་གསུམ་མོ།།
མེ་ཆུའི་དོན་དུ་མེ་ཆུའི་ཤེལ་དང་།ལམ་རྒྱགས་སོགས་བཟའ་བཏུང་གི་དོན་དུ་ཀཪྵ་པ་ཎ་༼༣༠ན༽སོགས་བྱིན་གྱིས་བརླབས་ཏེ་བཅང་དུ་རུང་ལ།དེ་ཡང་འབྲས་ཆན།ཟན་དྲོན།ཤ།ཉ་ཤ།སྣུམ་ཁུར་ཏེ་བཟའ་བ་ལྔ།ཙི་ཙི།ཁྲེ་རྒོད།རྒྱ་སྲན།བྲ་རྒོད།ཁྲེ་སྟེ་བཟའ་བར་སྨོན་པ་ལྔ།གསེར།དངུལ།བཻ་ཌཱུཪྻ།ཤེལ།མུ་ཏིག་སྟེ་རིན་པོ་ཆེ་ལྔ།ཞ་ཉེ་ཟངས་རོ་ཉེ་ཁྲོ་ཆུ་ལྕགས་ཏེ་རིན་པོ་ཆེར་སྨོས་པ་ལྔའོ།།
དགུ་པ་མངོན་མཚན་ཅན་ལ།རྟེན་ཡུལ་དང་བཅས་པ་ནི་ཡང་ཞེས་སོ།།
སྦྱོར་བའི་མཚན་ཉིད་ནི་རྣམ་པ་སྣ་ཚོགས་པ་ཞེས་སོ།།
དེ་ཡང་རྐྱེན་ཁྱད་པར་ཅན་དང་མི་ལྡན་པའི་དགེ་སློང་ཡུལ་ཁྱིམ་པ་ཉེ་དུ་མིན་པ།རང་དང་ནོར་མི་གཅིག་པ་ལ་དངོས་པོ་རིན་པོ་ཆེའམ་འབྲུ་ལ་སོགས་རང་ལ་དབང་བ།བསམ་པའི་འདུ་ཤེས་མ་འཁྲུལ་ཞིང་།ཀུན་སློང་རང་དོན་དུ་བསྐྱེད་ཀྱི་ཁེ་འདོད་པས་སྦྱོར་བ་བུན་སྐྱེད་བྱེད་པ་ལ་ཞུགས་ཏེ།མཐར་ཐུག་བསྐྱེད་ཐོབ་པ་ན་སྤངས་པའོ།།
ཡུལ་ཁྱིམ་པ་མ་ཡིན་པ་ལ་བུན་སྐྱེད་བྱེད་པ་དང་།གཞན་དོན་དང་།གཞན་ལ་བཅོལ་བ་དང་།ཕྲིན་ཡིག་སོགས་ཀྱིས་བསྐྱེད་དེ་བསྐྱེད་ཐོབ་པ་ན་ཉེས་བྱས་སོ།།
བསླབ་བྱ་ནི།དཀོན་མཆོག་གི་དོན་དུ་དགེ་བསྙེན་བསྐོས་ཏེ་གཏའ་མ་ཉིས་རི་བླངས་ཏེ།དཔང་པོ།ལོ་ཟླ་ཉི་མ།གནས་བརྟན་དགེ་བསྐོས།ལེན་པ་པོ་རྫས་སྐྱེད་པ་པོ་དང་བཅས་པའི་ཡེ་གེ་རྒྱས་བཏབ་སྟེ།དགེ་སློང་གཞན་ཡང་རྒྱུས་ཤེས་བཅུག་ནས་དཀོན་མཆོག་གི་རྫས་དཀོན་མཆོག་གི་དོན་དུ་བསྐྱེད་ཀྱིས་དཀོན་མཆོག་མཆོད་པར་བྱའོ།།
བཅུ་པ་ཉོ་ཚོང་ལ་རྟེན་གཞི་དང་བཅས་པ་ཡང་ཞེས་དང་།སྦྱོར་བ་མཚན་ཉིད་ནི་རྣམ་པ་ཞེས་སོ།།
དེ་ཡང་རྟེན་སྔོན་གྱི་བུ་ལོན་མི་འཁོར་ཞིང་།བུ་ལོན་༼༣༠བ༽མ་འཁོར་ན་མ་བྱིན་ལེན་གྱི་ཕམ་པར་འགྱུར་བ་སོགས་ཀྱི་རྐྱེན་དང་མི་ལྡན་པ་དེ།དངོས་པོ་འབྲུ་གོས།འདུ་ཤེས་འཁྲུལ་མེད།ཀུན་སློང་རང་དོན་དུ་རང་གར་ཉོ་ཚོང་བྱེད་འདོད་པས་སྦྱོར་བ་མོད་ཉོ་དཀོན་ཚོང་གི་སྒོ་ནས་མཐར་ཐུག་ཁེ་སྒྲུབ་པའི་ཚེ་སྤོང་བའོ།།
བསླབ་བྱ་ནི།དགེ་འདུན་གྱི་ཕྱིར་འབྲུ་ཉོ་བར་བྱ་ཞིང་།ཁྱིམ་པའི་ཚོང་བར་དུ་མི་འཇུག།རང་གི་ཆོས་གོས་སོགས་ཁྱིམ་པ་ལ་ཉོར་གཞུག།ཁྱིམ་པ་མེད་ན་རྫས་ཀྱི་རང་བཞིན་དྲང་པོར་གཏད་ནས་འདི་ཙམ་པའོ་ཞེས་བསྐྱེད་བརྗོད་ཅིང་།དཀོན་མཆོག་གི་ཕྱིར་མིན་པར་ཟོང་ལ་མི་རྩེག།དུས་འདིར་མ་ཁུག་ན་བསྐྱེད་འདི་ལྟར་འཕེལ་བྱ་བ་སོགས་གཏའ་མ་མི་གཞུག།དགེ་འདུན་གྱི་ཕྱིར་ཡང་རྒན་རབས་ལ་མ་ཞུས་པར་ཚོང་བསྐྱེད་མི་བཏང་།འབྲུ་སོགས་སྲོག་ཆགས་ཡོད་པ་མི་བཙོང་ཞིང་།སྤང་བྱ་ཕྱི་མ་གཉིས་བཤགས་པ་ལ་དེ་གཉིས་ཀྱི་ཁེའི་ཆ་གཏན་སྤང་དུ་བྱེད་དགོས་སོ།།
སྡོམ་ལ།ལྷུང་བཟེད་གཉིས་དང་ཐ་ག་གཉིས།།
བྱིན་འཕྲོག་སྟོན་ཟླ་ཐ་ཆུང་དང་།།
དགོན་པ་བ་དང་རས་ཆེན་དང་།།
བསྔོས་པ་དང་ནི་གསོག་འཇོག་གོ།ཞེས་པའི་དང་པོ་ལ།རྟེན་བཅང་དུ་གནང་བ་དུས་རང་དང་བཅས་པ་ནི་ཡང་དགེ་སློང་ཞེས་སོགས་སོ།།
འདས་པ་ནི་དེ་ལ་ཞེས་སོགས་ཏེ།རྟེན་དགེ་སློང་གི་དངོས་པོ་རྒྱུ་དང་ཁ་དོག་རུང་ཞིང་།མཐེ་བོའི་ལྟོ་གང་གི་ལྷག་མར་ཕུལ་དགུ་ཤོང་བ་ཡན་ཆད་ཀྱི་ལྷུང་བཟེད་ལྷག་པོའི་ཡོ་བྱད་དུ་བྱིན་གྱིས་བརླབས་པ་སོགས་ཀྱིས་རུང་བ་མ་བྱས་པ།འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་དོན་དུ་རྒྱུན་དུ་འཆང་འདོད་ཀྱི་བསམ་པས་སྦྱོར་བ་ཞག་བཅུ་བཅངས་ནས་མཐར་ཐུག་ཞག་བཅུ་གཅིག་པའི་སྐྱ་རེངས་འཆར་བའི་ཚེ་སྤང་༼༣༡ན༽བའོ།།
ཡན་ལག་གཞན་རྣམས་གོས་ཞག་བཅུ་འཆང་བའི་སྐབས་སུ་བཤད་པ་བཞིན་ནོ།།
ལྷུང་བཟེད་ལྷག་པོ་ཚོལ་བའི་སྤང་བ་ལ་རྟེན་བསམ་པ་ནི།ཡང་ཞེས་སོགས་སོ།།
སྦྱོར་བ་འདས་པ་ནི།ལྷུང་བཟེད་ཅེས་སོགས་སོ།།
ལྟུང་བ་འདི་ཕྱིར་བཅོས་ནི་དགེ་སློང་ཞེས་སོགས་སོ།།
རྟེན་ལྷུང་བཟེད་རུང་བ་ཚད་ལྡན་ཡོད་པའི་དགེ་སློང་གིས་ཁྱིམ་པ་ཉེ་དུ་མ་ཡིན་པ་ལ་དངོས་པོ་ལྷུང་བཟེད་རུང་བ་ཚད་ལྡན་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་དོན་དུ་སློང་འདོད་ཀྱི་བསམ་པས་སྦྱོར་བ་སློང་བ་ལ་ཞུགས་ཏེ་མཐར་ཐུག་ལག་ཏུ་ཐོབ་ནས་ཐོབ་བློ་སྐྱེས་པ་ན་སྤང་བའོ།།
ལྷུང་བཟེད་མེད་ཀྱང་ཡོད་པའི་བསམ་པས་སློང་བ་དང་།ཡོད་བཞིན་དུ་རིན་གྱིས་ཉོ་བ་དང་།མེད་ན་རིན་ཡོད་བཞིན་དུ་བསླང་བ་དང་།བཟང་པོ་འདོད་པས་བརྗེ་བ་རྣམས་ལ་ཉེས་བྱས་སོ།།
ལྷན་པ་བཞི་མན་ཆད་བླན་པའམ་བླན་རུང་ལ་བྱིན་རླབས་ཆགས།ལྔ་ཡན་ཆད་དུ་མི་ཆགས་ལ།ལྷུང་བཟེད་སོགས་ཡོ་བྱད་ལ་ཧ་ཅང་ཆགས་པར་མི་བྱ།འཚོ་བའི་ཡོ་བྱད་ཀྱི་ལྷུང་བཟེད་དངོས་དང་།རིན་མེད་ན་བླང་དུ་རུང་ལ་ལྟུང་བ་འདི་ཕྱིར་འཆོས་པའི་ཚེ་ལྷག་པོ་གཅིག་དགེ་འདུན་ལ་བྲིམས་པས་སྙིགས་པར་བྱས་ལ།ལྷག་པོ་དུ་མ་ཡོད་ན་རབ་ཏུ་བྱུང་བ་གཞན་ལ་གཏན་སྤང་དུ་བྱའོ།།
འཐག་ཏུ་འཇུག་པའི་སྤང་བ་ལ་རྟེན་གཞི་ནི་ཡང་ཞེས་སོགས་ཏེ།སྦྱོར་འདས་ནི་གོས་སོགས་ཏེ།རྟེན་དགེ་སློང་གི་ཐ་ག་པ་ཉེ་དུ་མིན་པ་ལ་དངོས་པོ་གོས་ཀྱི་རྒྱུ་རུང་བ་ཚད་ལྡན་རང་གི་ཡིན་པ།ཉེ་དུ་མིན་པ་ཤེས་བཞིན་དུ་རང་དོན་དུ་འཐག་འཇུག་འདོད་ཀྱི་བསམ་པས།སྦྱོར་བ་རང་ངམ་བསྐོས་པས་བརྔན་པ་མ་བྱིན་༼༣༡བ༽པ་འཐག་ཏུ་བཅུག་སྟེ་མཐར་ཐུག་ཐོབ་བློ་སྐྱེས་པ་ན་སྤང་བའོ།།
བཞི་པ་འཐག་པ་བསྐྱེད་པ་ལ་ཡུལ་ཆེད་དུ་བྱ་བ་ནི་དགེ་སློང་གི་ཞེས་སོགས་སོ།།
སྦྱོར་འདས་ནི་དེ་ནས་ཞེས་སོགས་ཏེ།སྦྱིན་བདག་གིས་རང་ལ་དངོས་པོ་བདོག་པ་རུང་བ་ཚད་ལྡན་ལས་ལྷག་པའི་སྦྱིན་བདག་ལས་བླངས་ཏེ་འཐག་ཏུ་བཅུག་ན་སྤང་བ་སྟེ།ཡན་ལག་གོང་བཞིན་ནོ།།
ལྔ་པ་བྱིན་འཕྲོག་ལ་རྟེན་ཡུལ་དང་བཅས་པ་ཡང་ནི་དགེ་སློང་ཞེས་སོགས་སོ།།
ཀུན་སློང་གི་མཚན་ཉིད་ནི་དེའི་འོག་ཏུ་ཞེས་སོགས་སོ།།
ཕྱིར་བཅོས་ནི།འཕྲོག་གམ་ཞེས་སོགས་ཏེ།རྟེན་དགེ་སློང་གིས་ཡུལ་དགེ་སློང་མཚན་ཉིད་དང་ལྡན་པ་ལ་དངོས་པོ་རང་གིས་བྱིན་གྱིས་བརླབས་པའི་ཆོས་གོས་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་ངམ་གཞན་གྱི་དོན་དུ་འཕྲོག་འདོད་ཀྱི་བསམ་པས་སྦྱོར་བ་རང་ངམ་གཞན་བསྐོས་པས་འཕྲོག་སྟེ་མཐར་ཐུག་བྲལ་བར་བྱ་བའི་དགེ་སློང་གི་ལུས་ལས་ཆོས་གོས་བྲལ་ན་སྤང་བའོ།།
མི་རུང་བ་དང་།ཚད་ལས་ཆུང་བ་དང་།བརྒྱུད་ནས་དང་།སླར་སྦྱིན་སྙམ་ནས་འཕྲོག་པ་ལ་ཉེས་བྱས་ཏེ།མཐར་ཐུག་གནོད་པར་དོགས་པས་འཕྲོག་པ་ལ་ཉེས་པ་མེད་དོ།།
གཏད་པ་ལས་བྱུང་བའི་སྤང་བ་ནི།རྟེན་གྱིས་བླང་དུ་གནང་བར་བསྟན་པ་ནི་དགེ་སློང་གིས་ཞེས་སོགས་སོ།།
བླངས་ནས་བཅང་དུ་གནང་བར་བསྟན་པ་ནི།བླངས་ནས་ཞེས་སོགས་དང་།དེ་ལས་འདས་པ་ནི་དེ་ལས་ཞེས་སོགས་ཏེ།རྟེན་དབྱར་གནས་པའི་དགེ་སློང་གིས་དངོས་པོ་དབྱར་ཁས་ལེན་ལ་བྱུང་བའི་གོས་ཀྱི་རྙེད་པ་རུང་བ་ཚད་ལྡན།དུས་དབྱར་ཁས་བླངས་ནས་དགག་དབྱེ་མ་བྱས་ཀྱི་གོང་དུ་རྐྱེན་དབང་༼༣༢ན༽མ་གཏོགས་པར་ཀུན་སློང་དབྱར་ནང་དུ་བདག་གིར་བྱེད་འདོད་པ་དང་།དབྱར་ནང་དུ་རང་གར་བགོད་འདོད་པ་དང་།དགག་དབྱེ་ཐོན་པའི་ཕྱི་དེ་ཉིན་མ་བགོས་པ་དང་།སྦྱོར་བ་དེ་དང་དེ་ལྟར་བྱས་ཏེ་སྔ་མ་དགག་དབྱེའི་ནང་དུ་བདག་གིར་བྱས་པ་དང་བགོས་པ་དང་།ཕྱི་མ་སྦྱིན་བདག་གི་ཚིག་གིས་དབང་མེད་ནས་སྤེད་པ་མ་བགོས་པར་དུས་དེ་དང་དེ་ལས་འདས་ཏེ།རིམ་བཞིན་དབྱར་གྱི་རྙེད་པ་བདག་གིར་བྱེད་སྔ་ས་པ་དང་།བགོད་ཕྱིས་ཀྱིས་སྤང་བར་འགྱུར་རོ།།
དགོན་པའི་སྤང་བ་ལ།སྤྱོད་ཡུལ་གྱི་གྲོང་དུ་བཞག་ཏུ་གནང་བ་ནི་དགེ་སློང་ཞེས་སོགས་དང་ཕྱི་རོལ་ཏུ་ཕྲལ་ཏུ་གནང་བ་ནི་དགེ་སློང་ཞེས་སོགས་དང་།འདས་པ་ནི་དེ་ལས་ཞེས་སོགས་ཏེ།རྟེན་སྣམ་སྦྱར་དང་མི་འབྲལ་བའི་གནང་བ་མ་ཐོབ་པ་དང་།སྲ་བརྐྱང་མ་བཏིང་བའི་དགེ་སློང་གིས་དངོས་པོ་རང་རང་གི་ཆོས་གོས་དངོས་ཀྱི་བྱིན་རླབས་ཅན་དགོན་པར་འཇིགས་པའི་དབང་གིས་སྤྱོད་ཡུལ་གྱི་གྲོང་དུ་འཇིགས་པ་དང་མ་བྲལ་བའི་བར་བཞག་ཏུ་རུང་བ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་གར་ཞག་དྲུག་ཏུ་འབྲལ་འདོད་ཀྱི་བསམ་པས་སྦྱོར་བ་བར་ཆད་ཀྱི་རྐྱེན་མེད་པར་རང་གི་གནས་དང་སྣམ་སྦྱར་བཞག་པའི་གནས་ཉེ་འཁོར་དང་བཅས་པ་ལས་མཐར་ཐུག་ཞག་ཏུ་འདས་ཏེ།འདུན་པའི་སྐྱ་རེངས་ཤར་བའི་ཚེ་སྤང་བའོ།།
རས་ཆེན་བཙལ་སྔ་ས་བཞག་ཕྱིས་ཀྱི་སྤང་བ་ལ།བཙལ་བ་དང་བཞུག་ཏུ་གནང་བའི་དུས་བསྟན་པ་ནི་དགེ་སློང་ཞེས་སོགས་དང་།ཡུན་ཇི་སྲིད་བཅང་བ་ནི་དབྱར་ཟད་ནས་ཞེས་སོགས་དང་།འདས་པ་ནི་གལ་ཏེ་ཞེས་སོགས་སོ།།
རྟེན་དབྱར་གནས་དང་འབྲེལ་བའི་དགེ་སློང་གིས་དངོས་པོ་རས་ཆེན་རུང་བ་ཚད་ལྡན་ཆར་ཆུ་སྐྱོབ་ནུས་ཟླ་བ་བཞིར་༼༣༢བ༽ལོངས་སྤྱད་པའི་རྙིང་པ་མ་ཡིན་པ།བཙལ་བའི་དུས་དབྱར་ཁས་ལེན་པའི་སྔ་རོལ་ཟླ་བ་གཅིག་གི་ནང་དུ་བཙལ་དུ་རུང་ཞིང་།འཇོག་པའི་དགག་དབྱེ་ཐོན་ནས་ཟླ་བ་ཕྱེད་ཀྱི་ནང་དུ་བཞག་ཏུ་རུང་བ་ལས།ཀུན་སློང་རང་དོན་དུ་དབྱར་ཁས་ལེན་པའི་ཟླ་བ་གཅིག་གི་གོང་དུ་འཚོལ་འདོད་པ་དང་།དགག་དབྱེ་གྲོལ་ནས་ཟླ་ཕྱེད་ཀྱི་འོག་ཏུ་རས་ཆེན་སྦེད་པ་མ་བསྐོས་པར་འཇོག་འདོད་ཀྱི་བསམ་པས་སྦྱོར་བ་དེ་ལྟར་བྱས་ཏེ།མཐར་ཐུག་དེའི་རྐྱེན་གྱིས་ཁས་ལེན་གྱི་ཟླ་བ་གཅིག་གི་གོང་དུ་བཙལ་ནས་རྙེད་པ་ན་བཙལ་སྔ་ས་ཀྱི་སྤང་བ་དགག་དབྱེ་གྲོལ་ནས་སྦེད་པ་མ་བསྐོས་པར་ཟླ་ཕྱེད་ཀྱི་འོག་ཏུ་བཅང་ན་བཞག་ཕྱིས་ཀྱི་སྤང་བ་བསྐྱེད་དོ།།
བསྔོས་བསྒྱུར་གྱི་སྤང་བ་ནི།རྟེན་གཞི་དང་བཅས་པ་ནི་ཡང་ཞེས་སོགས་སོ།།