༄༅།། སོ་སོ་ཐར་པའི་མདོའི་འགྲེལ་པ་རིན་ཆེན་འབྱུང་གནས་ཞེས་བྱ་བ་ཀརྨ་པ་མི་བསྐྱོད་རྡོ་རྗེས་མཛད་པ་བཞུགས།

སོ་ཐར་རྙེད་པར་དཀའ་བ་ནི།།
བསྐལ་པ་བྱེ་བ་རྣམས་སུ་ཡང་།།
སོ་སོར་༼༡༠ན༽ཐར་པ་ཐོས་པ་དང་།།
བཟུང་དང་འཛིན་པ་རྙེད་དཀའ་སྟེ།།
སྒྲུབ་པའང་ཤིན་ཏུ་རྙེད་པར་དཀའ།།
ཞེས་སོ།།
དཀོན་མཆོག་གསུམ་འབྱུང་བ་ནི་བདེ་བ་ཐམས་ཅད་སྐྱེད་པར་བྱེད་དོ།།
སངས་རྒྱས་རྣམས་ནི་འབྱུང་བ་བདེ།།
ཆོས་བསྟན་པ་ཡང་བདེ་བ་ཡིན།།
དགེ་འདུན་མཐུན་པ་ནི་ཚུལ་ཁྲིམས་དང་།།
ཆོ་ག་དང་ལྟ་བ་དང་འཚོ་བ་མཐུན་པ་བཞིའི་རོ་གཅིག་པའོ།།
དེ་ལྟར་མཐུན་པ་རྣམས་ཀྱིས་ཉོན་མོངས་པའི་ཕྱོགས་མི་བྱེད་པའི་དཀའ་ཐུབ་བསླབ་པ་གསུམ་ནི།སྡུག་བསྔལ་མཐའ་དག་སྤང་བར་འགྱུར་བའི་ཕྱིར་བདེ་བའོ།།
དགེ་བའི་བཤེས་གཉེན་བསྟེན་པ་ལས་བདེ་བ་ཐོབ་པ་ནི།འཕགས་པ་རྣམས་ནི་མཐོང་བ་བདེ།།
དམ་པ་དག་དང་འགྲོགས་པ་བདེ།།
ཞེས་སོ།།
སྡིག་གྲོགས་སྤངས་ན་བདེ་བ་ཡིན།།
བྱིས་པ་རྣམས་ནི་མ་མཐོང་ན།།
རྟག་ཏུ་བདེ་བ་ཉིད་དུ་འགྱུར།།
དགེ་བའི་བཤེས་གཉེན་བསྟེན་པ་ཡང་ཡོན་ཏན་གྱི་ཆེ་བ་ལ་བརྟེན་དགོས་པ་ནི།རྒྱུད་ལ་ཏིང་འཛིན་རྣམ་དག་སྐྱེ་བ་ལ།།
དགེ་བཤེས་ཚུལ་ཁྲིམས་དང་ལྡན་པ་མཐོང་བ་བདེ་ཞིང་།།
རྒྱུད་ལ་ལྷག་མཐོང་ཁྱད་པར་ཅན་སྐྱེ་བ་ལ་དགེ་བཤེས་མང་དུ་ཐོས་པ་མཐོང་བའམ་བསྟེན་པ་བདེ་ཞིང་།དགེ་བཤེས་མཚན་ཉིད་པ་ཆོས་ཉིད་ཀྱི་བདེན་པ་མཐོང་བ་ལ་ཡང་སྲིད་རྣམ་པར་གྲོལ་བའི་དགྲ་བཅོམ་པ་དག་མཐོང་བ་བདེའོ།།
མྱང་འདས་ཐོབ་པར་བྱ་བའི་བདེ་བ་ནི།ཁྲུས་ལ་སོགས་པའི་འཇུག་ངོགས་བདེ་བའི་ཆུ་ཀླུང་ནས་ཆུ་ལ་སོགས་པ་ལེན་པར་བདེ་བ་བཞིན།ལམ་བསླབ་པ་གསུམ་གྱི་༼༡༠བ༽འཇུག་ངོགས་ལ་བརྟེན་ནས་རྣམ་གྲོལ་གྱི་མྱང་འདས་བསྒྲུབ་པ་བདེ་བའོ།།
དེ་ཡང་ཚོགས་སྦྱོར་གྱིས་དགེ་བའི་ཆོས་ལ་གོམས་བའི་སྐྱེ་བོ་བདེ་བ་དང་།མཐོང་སྒོམ་གྱི་ལམ་ནས་ཤེས་རབ་ཐོབ་པར་གྱུར་པ་བདེ་བ་དང་མི་སློབ་ལམ་ནས་ངའོ་ང་རྒྱལ་ཟད་པ་བདེ་བའོ།།
ད་ནི་སྒྲུབ་བྱེད་སྦྱངས་པའི་ཡོན་ཏན་ལ་གནས་པ་བདེ་བ་ནི།ངེས་པར་བྱས་ཤིང་དབང་པོ་དུལ་བ་དག།དགོན་པ་ཞི་བ་རྣམས་སུ་རྒས་གྱུར་ཅིང་།།
མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ།།
ལང་ཚོ་ཡོལ་བ་རྣམས་ཀྱི་གནས་པ་བདེ།།
ཞེས་པ་སྦྱངས་པའི་ཡོན་ཏན་ལས་འཕྲོས་པའི་ཚུལ་བརྗོད་པར་བྱས་ཏེ།དང་པོ་དབྱེ་བ་ནི།སྟན་ཅིག་པ་དང་།བསོད་སྙོམས་པ་དང་།ཕྱིས་མི་ལེན་པ་དང་།།
ཆོས་གོས་གསུམ་པ་དང་།ཕྱིང་པ་བ་དང་།ཕྱགས་དར་ཁྲོད་པ་དང་།ཤིང་དྲུང་པ་དང་།དགོན་པ་པ་དང་།བླ་གབ་མེད་པ་དང་།དུར་ཁྲོད་པ་དང་།གཞི་ཇི་བཞིན་པ་དང་།ཙོག་པུ་པའོ།།
དེའི་དང་པོ་གསུམ་ནི་ཟས་ལ་བརྟེན་པ་དང་།དེའི་འོག་མ་གསུམ་ནི་གོས་ལ་བརྟེན་པ་དང་།ཤིང་དྲུང་པ་ལ་སོགས་པ་ལྔ་ནི་གནས་ལ་བརྟེན་པ་དང་།ཐ་མ་སྤྱོད་ལམ་ལ་བརྟེན་པ་སྟེ་བཞིར་འདུས་པ་ཡིན་ནོ།།
སྦྱངས་པའི་ཡོན་ཏན་གང་ཟག་གང་ལ་བསྔགས་ན།འདོད་ཆགས་ཀྱིས་སེམས་ཀུན་ཏུ་གདུང་བར་སྤྱོད་པ་ལ་བསྔགས་ཏེ།སྡུག་བསྔལ་དང་མཚུངས་ལྡན་གྱི་སྤྱོད་པས་ཆགས་པ་སྤངས་པར་ནུས་པའོ།།
ཞེ་སྡང་གི་ཀུན་ཏུ་སྤྱོད་པ་ལ་ནི་མ་ཡིན་ཏེ།དེའི་དངོས་རྒྱུ་ཡིད་མི་བདེ་བ་ཡིན་པའི་ཕྱིར།།
སྦྱངས་པའི་ཡོན་ཏན་འདི་རིམ་པ་བཞིན་དུ་གང་གི་གཉེན་པོར་གྱུར་པ་ནི།དུས་རུང་གི་ཟས་དང་དུས་སུ་ཡང་ཟ་བ་༼༡༡ན༽ལ་ཆགས་པའི་གཉེན་པོར་ཆུའི་མཐའ་ཅན་དང་སྟན་གྱི་མཐའ་ཅན་གྱི་སྟན་ཅིག་པ་དང་།མགྲོན་དུ་བོས་པ་ལ་ཆགས་པའི་གཉེན་པོར་བསོད་སྙོམས་པ་སྟེ་སྒོ་ཐར་ཆགས་པ་དང་གྲངས་སུ་ཆད་པའོ།།
ཡང་ཡང་དུ་བྱིན་ལེན་བྱེད་པ་ལ་ཆགས་པའི་གཉེན་པོར་ཕྱིས་མི་ལེན་པ་དང་།ལྷག་པོ་དང་མཁོ་བའི་གོས་ལ་ཆགས་པའི་གཉེན་པོར་ཆོས་གོས་གསུམ་པ་དང་།དར་གོས་ལ་ཆགས་པའི་གཉེན་པོར་ཕྱིང་བ་པ་དང་།གོས་བཟང་ལ་ཆགས་པའི་གཉེན་པོར་བོར་བ་དང་།དུས་ཚིགས་ཀྱི་ཕྱགས་དར་ཁྲོད་པ་དང་།བསྐོར་བ་ལ་ཆགས་པའི་གཉེན་པོར་ཤིང་དྲུང་པ་དང་།གྲོང་པའི་ཁྱེའུ་དང་བུད་མེད་ལ་ཆགས་པའི་གཉེན་པོར་དགོན་པ་པ་དང་།སྟེང་གཡོགས་ལ་ཆགས་པ་བཅས་པའི་གཉེན་པོར་བླ་གབ་མེད་པ་དང་།ནང་སེམས་ཅན་ལ་ཆགས་པའི་གཉེན་པོར་དུར་ཁྲོད་པ་དང་།གནས་མལ་འདོམ་པ་ལ་ཆགས་པའི་གཉེན་པོར་གཞི་ཇི་བཞིན་པ་དང་།ཉལ་བ་དང་ཕྲེས་པ་ལ་ཆགས་པའི་གཉེན་པོར་ཙོག་པུའོ།།
འདི་ལྟར་བྱས་པས་སེམས་དགེ་བ་ལ་བཀོལ་དུ་རུང་བས་ན་སྦྱངས་པའི་ཡོན་ཏན་ཞེས་སྨོས་ལ།དགོན་པ་དང་ཤིང་དྲུང་དུ་ནི་མང་དུ་ཐོས་པ་དག་གནས་ན་སེམས་གནས་པའི་རྒྱུར་འགྱུར་གྱིས་གཞན་དུ་ནི་མ་ཡིན་ནོ།།
སྦྱངས་ཡོན་ལེན་པའི་ཆོ་ག་ནི་སྟོན་པའི་སྐུ་གཟུགས་དགེ་སློང་དང་བཅས་པ་སྤྱན་དྲངས་ཏེ་སྟེན་པ་ལ་མཆོད་པ་དང་།ཕྱག་གསུམ་བྱ་ཞིང་།དགེ་སློང་ལ་རྒན་ན་ཕྱག་གསུམ་བྱ་ཞིང་།བཙུན་པ་དགོངས་སུ་གསོལ་ནས་སྐྱབས་འགྲོ་རྩོམ་བྱེད་དུ་བྱས་ཏེ་ཇི་སྲིད་འཚོ་བའམ།དུས་ཚིག་གིས་བཅད་པར་སྟན་གཅིག་པ་ལ་༼༡༡བ༽སོགས་པ་ཆེ་གེར་བཙུན་པས་བཟུང་དུ་གསོལ་ཞེས་ལན་གསུམ་བཟླས་ཤིང་།།
ཐབས་ལེགས་དང་།རང་དུས་འདས་པ་གཏོང་བའོ།།
དེ་ལྟར་མཆོད་པར་བརྗོད་པས་བར་ཆད་བསལ་ཞིང་ཕན་ཡོན་གྱིས་སྤྲོ་བ་བསྐྱེད་ནས།ལེ་ལོའི་དབང་གིས་སྒྲུབ་མི་ནུས་པ་བསལ་བ་ལ་ཡང་དག་པར་བརྩོན་འགྲུས་རྩོམ་དགོས་པར་བསྟན་པ་ནི།ཚེ་དང་ལྡན་པ་དག་སོ་ག་རྣམས་ཀྱི་འདས་པ་དང་ལྷག་མ་ཇི་ཙམ་པ་དེ་ཙམ་མོ།།
འདིར་དུས་བརྗོད་པའི་དགོས་པ་ཅི་ཞེ་ན།འཁོར་བའི་རྒྱུ་ལས་ཉོན་ཡིན་ལ།དེ་རྟག་འཛིན་ལས་བྱུང་ཞིང་།དེའི་གཉེན་པོ་མི་རྟག་པ་ཡིན་པས།མི་རྟག་པ་ལ་ཡང་སྐད་ཅིག་གིས་མི་རྟག་པ་ནི་སྣང་ཡང་མ་ངེས་པས་གཉེན་པོར་མི་འགྱུར་ལ།རྒྱུན་གྱིས་མི་རྟག་པ་མདོ་འདོན་པའི་ཚེ་དུས་འདས་འབྱུང་བརྗོད་པས་ནི་ཚེ་ཟད་པ་བརྗོད་པ་ལ་རྣ་བ་གཏོད་པས་རྒྱུན་གྱི་མི་རྟག་པ་རྒྱུད་ལ་སྐྱེ་བ་དང་།འཇིག་རྟེན་གྱི་ཐ་སྙད་རྟོགས་པ་དང་།གསོ་སྦྱོང་མི་ཉམས་པ་དང་།ལྷག་པར་གསོ་སྦྱོང་བཅུ་བཞི་པ་དང་།དེ་ཉིད་ཀྱི་ཤོལ་གྱི་ཟླ་བ་དང་བཅས་པ་རྟོགས་པའི་ཕྱིར་རོ།།
དེས་ན་དུས་ནི་མྱུར་བར་མི་རྟག་པ་དེའི་ཕྱིར།ཚེ་དང་ལྡན་པ་དག་རྒ་བ་དང་འཆི་བ་མངོན་པར་འོང་ཞིང་།སྟོན་པའི་བསྟན་པ་ཡང་འཇིག་པར་འགྱུར་བས་ཚེ་དང་ལྡན་པ་དག་གིས་བག་ཡོད་པས་རྣལ་འབྱོར་དུ་བྱའོ།།
ཞེས་པས།སངས་རྒྱས་ཀྱི་བསྟན་པ་ལ་ལོ་ལྔ་སྟོང་དུ་གནས་པ་ལས་ལྔ་བརྒྱ་པ་ཕྲག་བཞི་ནི་དགེ་སྦྱོང་གི་འབྲས་བུ་བཞིའི་དུས་སོ།།
ལྔ་བརྒྱ་པ་ཕྲག་གཉིས་ནི་མངོན་པར་རྟོགས་པའི་དུས་ཏེ།ལྷག་མཐོང་དང་ཞི་གནས་ཀྱི་དུས་སོ།།
ལྔ་བརྒྱ་པ་ཕྲག་གསུམ་ནི་ལུང་སྡེ་སྣོད་གསུམ་༼༡༢ན༽གྱི་དུས་སོ།།
ལྔ་བརྒྱ་པ་ཕྲག་གཅིག་ནི་རྟགས་ཙམ་འཛིན་པ་སྟེ་ཚེ་ལོ་ལྔ་བཅུ་པའི་དུས་ཏེ།ཚེ་ལོ་བཅུ་པ་ནས་རྟགས་ཙམ་འཛིན་པ་ཡང་མེད་པར་བཞི་བཅུ་སུམ་བཅུ་ཉི་ཤུའི་བར་ནས་ཚེ་ལོ་བཅུ་པའི་བར་མཚོན་ནད་མུ་གེའི་བསྐལ་པས་ཚེ་སྤྱོད་ཐུང་ངུར་བྱེད་པའོ།།
དེང་སང་འགའ་ཞིག་མངོན་པར་རྟོག་པ་ཞི་གནས་ཀྱི་དུས་ཡིན་པར་འདོད་ཀྱང་།དོན་ཚད་རྟགས་ཙམ་གྱི་དུས་ཡིན།འཛམ་བུའི་གླིང་ཆུང་ངུ་འདི་ལས་འཕགས་པའི་ཡུལ་ནས་རྒྱ་ནག་སོགས་རིམ་པ་ལྟར་ལྔ་བརྒྱ་པ་ཕྲག་རྣམས་འཕར་ཞིང་འགྲོའོ་ཞེས་བཤད་པ་འདུལ་མངོན་གྱི་ལུགས་ལ་མེད་ཀྱི།དུས་ཀྱི་འཁོར་ལོ་སོགས་ནས་ཆོས་ཀྱི་རྐང་པ་བཞིས་དུམ་བུ་བཅུ་གཉིས་སུ་འགྲོའོ་ཞེས་ཡོད་པར་གྲགས།དེ་ལྟར་བག་ཡོད་སྲུང་བའི་ཕན་ཡོན་ནི།དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་དང་།གཞན་ཡང་དགེ་བའི་ཆོས་གང་དག་བྱང་ཆུབ་དེ་དང་མཐུན་པའི་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་རྣམས་ཀྱང་བག་ཡོད་པས་ཐོབ་བོ།།
དེ་ཡང་དགེ་འདུན་གྱི་ཀློག་པ་དང་སྤོང་བ་རྣམ་པར་དག་པར་བྱེད་པ་ནི་ལས་གང་ལ་རག་ལས་ལ།ལས་དེ་དག་ནི་མཚམས་ནང་དུ་གཏོགས་པའི་དགེ་འདུན་ཐམས་ཅད་མ་འདུས་ན་མི་འཆགས་ལ།ན་བ་ལ་སོགས་པས་ཡོངས་སུ་འདུ་བའི་རྐྱེན་དང་མི་ལྡན་ན་མ་འདུས་པ་རྣམས་ཀྱི་འདུན་པ་བླངས་པས་གྲུབ་པར་བསྟན་ལ།དེའི་ཕྱིར་བཅོམ་ལྡན་འདས་ཀྱི་ཉན་ཐོས་བྱ་བ་ནི་འབྲས་བུ་ཐོབ་པའི་ཕྱིར་འཁོར་ལ་སྒྲོགས་པའི་དགེ་འདུན་ཡིད་ཀྱི་དོན་ཉུང་བ་ཡིན་པས།བསླབས་པ་ཡོངས་སུ་སྦྱང་བ་ལས་༼༡༢བ༽གལ་ཆེ་བ་མེད་པས་གསོ་དགག་ལ་སོགས་པ་ལས་གཙོ་བོར་གྱུར་པའི་བྱ་བ་ཅི་ཡང་མེད་པས་མི་འདུ་བ་དགག་པའི་དོན་དུ་དགེ་འདུན་ཀྱི་ཐོག་མར་བྱ་བ་ཅི་ཡོད།ཅེས་དྲིས་ནས།ཚེ་དང་ལྡན་པ་དག་ལས་ལམ་ལྷགས་པ་རྣམས་ལ་ལས་ལ་མི་མཐུན་པ་སྤོང་བའི་དོན་དུ་འདུན་པ་དང་།འདུན་པ་འབུལ་བྱེད་སྣོད་དུ་རུང་བའི་དོན་དུ་ཡོངས་སུ་དག་པ་དྲིས་ཤིག་ཅེས།།
བསྐོས་པས་དྲིས་ནས་གནས་བརྟན་གྱིས་བླངས་པ་ཡང་དགེ་འདུན་གྱི་དབུས་སུ་བརྗོད་པར་བྱའོ།།
ད་ནི་སྐབས་སུ་བབ་པའི་མདོ་ཉིད་འདོན་པར་བྱེད་པ་ལ།ཆོས་ཀྱི་ལུང་དབོག་པར་བྱ་དགོས་པས།ཤཱཀྱ་སེང་གེ་དེ་ལ་ནི།།
སོར་མོ་བཅུ་ཡི་ཐལ་སྦྱར་ཏེ།།
སོ་སོར་ཐར་པ་གདོན་པར་བྱ།།
གདུལ་བྱ་འདུལ་བའི་དོན་དུ་འདུད་པའམ་འདོན་པ་པོ་ང་ལས་ཉོན།ཉན་ནས་བསྒྲུབས་དགོས་པར་བསྟན་པ་ནི།ཐོས་ནས་དྲང་སྲོང་ཆེན་པོ་ཡི།།
ཇི་སྐད་གསུང་བཞིན་བསྒྲུབ་བྱ་ཞིང་།།
ཁ་ན་མ་ཐོ་ཕྲ་རྣམས་ལ།།
བརྟུན་ཅིང་བྱེད་པ་ཉིད་དུ་གྱིས།།
བརྟུན་པ་ནི་འབད་པ་སྟེ་སྒྲིམ་པར་བྱེད་པ་ཉིད་གྱིས་ཤིག།སེམས་རྟ་དམུ་རྒོད་འདྲ་བ་ལ།ཁ་ལོན་སྲབ་གཟེར་བུ་བཏབ་པ་ལྟ་བུའི་བསླབ་པ་རིན་པོ་ཆེ་ལ་གཅེས་སྤྲས་སུ་བྱེད་དགོས་པ་ནི།རྟག་ཏུ་འབད་པས་འདའ་བ་ཡི།།
སེམས་རྟ་ཁ་བླན་དཀའ་བ་ལ།།
མཐུན་པའི་གཟེར་རྣོན་བརྒྱབ་པ་ཡི།།
སྲབ་ནི་སོ་སོར་ཐར་འདི་ཡིན།།
ཕན་ཡོན་ཆེ་བའི་རྒྱུ་མཚན་གྱིས་བསྒྲུབ་པར་འདོད་པའི་སྐྱེས་བུ་ཆེ་བ་གང་དག་རིགས་པར་སྨྲ་བའི་ངག་ཙམ་གྱིས་སྤང་བྱ་ལས་ལྡོག་ཅིང་བསླབ་མཚམས་ལས་མི་འདའ་བ་དེ་དག་མིའི་རྟ་ཅང་ཤེས་བཟང་པོ་དང་༼༡༣ན༽འདྲ་སྟེ།ཕ་རོལ་གྱི་ཉོན་མོངས་པའི་གཡུལ་ལས་ངེས་པར་བརྒལ་བ་བཞིན་དུ་འགྱུར་རོ།།
མ་བསྒྲུབ་པའི་ཉེས་དམིགས་ནི།མུ་སྟེགས་ཅན་སོགས་སུ་ལ་སྲབ་འདི་མེད་པ་དང་།ནམ་དུའང་ཚུལ་ཁྲིམས་ལ་འདོད་པར་མི་འགྱུར་བ་དེ་དག་ཉོན་མོངས་པའི་གཡུལ་གྱིས་དཀྲུགས་ནས་སེམས་དང་ཤེས་རབ་གྱི་བསླབ་པ་འཇོག་པའི་ཚུལ་ཁྲིམས་དང་བྲལ་བས་འཁོར་བར་རྣམ་པར་འཁྱམས་པར་འགྱུར་རོ།།
ད་ནི་མདོ་འདོན་པ་ཉིད་ལ་གསོལ་བ་དང་།གླེང་གཞི་དང་།ཕམ་པ་དང་།ལྷག་མ་དང་།མ་ངེས་པ་དང་།རིམ་གྱིས་འདོན་པ་ལས་དང་པོ་གསོལ་བ་ནི།དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ།།
དེང་དགེ་འདུན་གྱི་གསོ་སྦྱོང་བཅུ་བཞི་པའམ་བཅོ་ལྔ་པ་ལགས་ཏེ།གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་།དེང་དགེ་འདུན་གསོ་སྦྱོང་མཛད་དེ་སོ་སོར་ཐར་པའི་མདོ་གདོན་པ་གདོན་ཏོ།འདི་ནི་གསོལ་བའོ།།
གླེང་གཞི་འདོན་པ་ལ།དང་པོ་གླེང་གཞི་རྣམ་པར་བཞག་པ་བརྗོད་ཅིང་ལུང་འབོག་པ་ནི།ཚེ་དང་ལྡན་པ་དག་ཞེས་སྙན་པར་བོས་ནས།བདག་ཅག་ཚོགས་པ་མཐུན་པས་གསོ་སྦྱོང་བྱ་སྟེ།སོ་སོར་ཐར་པའི་མདོ་འདོན་པ་འདོན་གྱི་དྲང་པོར་བསྒྲུབས་པས་རྒྱུ་དང་འགལ་བ་བཟློག་སྟེ།ཉན་པ་པོ་ཁྱེད་ཅག་སུ་ལ་ལྟུང་བ་ཡོད་པ་དེས་མཐོལ་ཞིག།ལྟུང་བ་མེད་ན་ཅང་མ་སྨྲ་ཞིག།ཅང་མ་སྨྲ་ན་འདོན་པ་པོ་བདག་གིས་ཚེ་དང་ལྡན་པ་དག་ཡོངས་སུ་དག་པ་གསོ་སྦྱོང་གི་སྣོད་དུ་རུང་བར་རིག་པར་བགྱིའོ།།
གླེང་གཞི་རྣམ་པར་བཞག་པའི་ཐབས་ནི་ཇི་ལྟར་༼༡༣བ༽གསོ་སྦྱོང་ལ་འཇུག་པའི་ཚེ་དགེ་སྦྱོང་གི་ལྟུང་བ་ཕྱིར་བཅས་ཤིང་བཤགས་ནས་ཡུལ་དེས་མཐོང་སྡོམ་སོ་སོར་དྲིས་ནས་ཕྱིར་འཆོས་པའི་དགེ་སློང་གིས་དག་པར་ལན་བཏབ་པ་དེ་བཞིན་དུ་མདོ་འདོན་པའི་དགེ་སློང་གི་འཁོར་འདི་ལྟར་བུར་ཡང་ལན་གསུམ་གྱི་བར་དུ་བསྒྲགས་པར་བྱ་བ་ཡིན་ནོ།།
ཡང་དགེ་སློང་བ་གང་ཡང་རུང་བས་དགེ་སློང་གི་འཁོར་འདི་ལྟར་བུར་ལན་གསུམ་གྱི་བར་དུ་དག་པར་བསྒྲགས་པ་ན་ལྟུང་བ་ཡོད་པ་འདུ་ཤེས་ཀྱི་ངེས་པའམ་དྲན་བཞིན་དུ།ངེས་ནས་ཐོལ་བ་དང་།ཡིད་གཉིས་ལ་བྱིན་གྱིས་མི་རློབ་པ་ནི།མི་མཐོལ་ན་དེ་ཤེས་བཞིན་དུ་བརྫུན་དུ་སྨྲ་བ་ཡིན་ནོ།།
ཚེ་དང་ལྡན་པ་དག་ཤེས་བཞིན་དུ་རྫུན་དུ་སྨྲ་བ་ནི།བཅོམ་ལྡན་འདས་ཀྱིས་རང་བཞིན་དང་འབྲེལ་བ་ཡིན་པས་མངོན་མཐོ་ངེས་ལེགས་གཉིས་ཀར་གྱི་བར་དུ་གཅོད་པའི་ཆོས་སུ་གསུངས་སོ།།
རྒྱུད་མ་དག་ན་བསླབ་པ་འཁྲུལ་བ་དང་བཅས་པས་ལས་ལ་སྒྲིབ་པའི་ཉེས་དམིགས་ཀྱང་ཡོད་ལ།དག་པའི་ཕན་ཡོན་ནི།དེ་བས་ན་དགེ་སློང་གང་ལྟུང་བ་བྱུང་བ་རྣམ་པར་དག་པར་འདོད་པས།ལྟུང་བ་ཡིད་ལ་དྲན་ཅིང་མཐོང་བ་མཐོལ་བར་བྱའོ།།
མཐོལ་ན་དེ་བདེ་བ་ལ་རེག་པར་གནས་པར་འགྱུར་རོ།།
མ་དག་པའི་ཉེས་དམིགས་ནི།མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ།།
གླེང་གཞི་འདོན་པའི་མཇུག་བསྡུ་བ་ནི།ཚེ་དང་ལྡན་པ་དག་འདོན་པ་པོ་བདག་གིས་སོ་སོར་ཐར་པའི་མདོ་འདོན་པའི་རྒྱུའམ་ཐབས་ཀྱི་གླེང་གཞི་བཏོན་ཟིན་ཏོ།།
རྣམ་པར་བཞག་པ་བསྒྲགས་པ་ནི་གླེང་གཞི་འདོན་པ་དེ་ལ།འདོན་པ་པོ་བདག་གིས་ཡུལ་ཚེ་དང་ལྡན་པ་དག་ལ་དྲི་བའི་ཚུལ།ཅི་གསོ་སྦྱོང་བཅུ་བཞི་པ་༼༡༤ན༽འདི་ལ་ཉན་པ་པོ་ཁྱེད་ཅག་ལྟུང་བ་མེད་པར་ཡོངས་སུ་དག་གམ་ཞེས་དྲི་བ་དང་པོར་བསྟན་ཏེ།ཅི་འདི་ལ་ཁྱོད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་ཡོངས་སུ་འདྲིའོ།།
འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ།།
ད་ནི་ཕམ་པ་འདོན་པར་བྱ་སྟེ།སྡོམ་ལ།མི་ཚངས་སྤྱོད་དང་རྐུ་བ་དང་།།
མི་ལ་བསད་པར་མི་བྱ་བ།།
བརྫུན་དུ་སྨྲ་བ་དང་བཅས་པའི།།
ཆོས་བཞི་འདིར་ནི་གསུངས་པ་ཡིན།།
ཅེས་སྨོས་ཏེ།ཚེ་དང་ལྡན་པ་དག་གཉེན་པོ་ཕམ་པར་འགྱུར་བའི་ཆོས་བཞི་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་ལས་འབྱུང་ངོ་ཞེས་སྨོས་ནས།ཡང་དགེ་སློང་གང་དགེ་སློང་རྣམས་དང་ལྷན་ཅིག་བསླབ་པ་མཚུངས་པར་གྱུར་པས་བསླབ་པ་མ་ཕུལ།བསླབ་པ་ཉམས་པར་མ་བྱས་པར་མི་ཚངས་པར་སྤྱོད་པ་འཁྲིག་པ་ལས་བྱུང་བའི་ཆོས་བསྟེན་ན་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་དང་ལྷན་ཅིག་ཀྱང་རུང་སྟེ།དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ།།
ཞེས་སྨོས་ནས།འདིར་ཚིག་གི་འབྲུ་འགྲེལ་པར་མི་བྱེད་པར་དོན་གྱི་བསླབ་བྱ་ཉིད་བརྗོད་པར་བྱ་སྟེ།འོག་ཏུ་བཀོད་པའི་གཞུང་རྣམས་ཀྱང་དེ་བཞིན་དུ་ཤེས་པར་བྱའོ།།
མི་ཚངས་པར་སྤྱོད་པ་ཕམ་པར་འགྱུར་བ་ལས་གཞིའི་ཡན་ལག་རྟེན་དང་ཡུལ་གཉིས་ལས།རྟེན་ནི་སྡོམ་པ་ཐོབ་ལ་མ་ཉམས་པའམ།ཉམས་ཀྱང་བསླབ་པ་བྱིན་པ་ལྟ་བུའི་གསོར་རུང་བ་དང་།ལས་དང་པོ་པ་མ་ཡིན་པའི་དགེ་སློང་ངོ་།།
ཡུལ་གྱི་གཞི་ནི་༼༡༤བ༽མི་དང་མི་མ་ཡིན་པའི་སྐྱེས་པ་དང་བུད་མེད་མ་ནིང་རུང་ངམ་གཞན་གང་རུང་གི་སྒོ་གསུམ་ནད་ལ་སོགས་པས་མ་ཉམས་པ་དང་།རང་གི་དབང་པོ་མ་ཉམས་པའོ།།
བསམ་པ་ལ་འདུ་ཤེས་མ་འཁྲུལ་ཞིང་།ཀུན་སློང་ལམ་དང་ཡན་ལག་ཕྲད་པའི་རེག་པ་བདག་གིར་བྱེད་འདོད་རྒྱུན་མ་ཆད་པའོ།།
སྦྱོར་བ་བསམ་པའི་དོན་ལ་དེ་ལྟར་བརྩོན་པའོ།།
མཐར་ཐུག་གི་ཡན་ལག་ནི་བཅུག་རེག་ཉམས་སུ་མྱོང་བ་དངོས་གཞིའི།།
དགེ་ཚུལ་ལ་ནི་ཕམ་པ་དང་འདྲ་བའི་ཉེས་བྱས་སོ།།
སྤྱིར་ལྟུང་བ་སྡེ་ལྔ་ག་ལ་ལྟུང་བྱེད་བསྐྱེད་པའི་གོ་རིམ་ནི།སེམས་ཀྱིས་ཀུན་ནས་བསླངས་ནས་ལུས་ངག་ཏུ་མ་ཐོན་གྱི་བར་བསྡོམ་བྱ་ཐོན་ནས་སྤྲོས་པ་ལ་ཞུགས་པའི་བར་སྦྱོར་བའི་ཉེས་བྱས་ཏེ་དེ་གཉིས་ནི་སྤྱིའི་དབང་དུ་བྱས་ལ།ཕམ་པ་དང་ལྷག་མ་ལ་སྦྱོར་བ་དང་དངོས་ཀྱི་སྦོམ་པོ་ཞེས་པའི་ཐ་སྙད་གཞན་པ་ཞིག་ཀྱང་ཡོད་ལ།དེའི་ཕྱིར་སྦོམ་པོར་འགྱུར་ཚུལ་ནི་མི་ཚངས་སྤྱོད་འདོད་ཀྱིས་བསྒྲོད་བྱ་ལ་ནོམ་ཉུག་ནས་རོ་མ་མྱོང་བར་སྦྱོར་སྦོམ།འཁྲིག་པའི་བསམ་པས་ལུས་ཀྱི་བུ་ག་ལམ་མིན་པ་ལམ་དུ་འདུ་ཤེས།རྨ་ནང་ནད་སོགས་ཀྱིས་ཉམས་པ་དང་།བརྟེན་བྱ་ཟག་བྱེད་བཤགས་མཚམས་མངོན་པ་དང་།ལུས་ལས་བཅད་པའི་མགོ་བོའི་ཁ་དང་།བསྒྲོད་བྱ་སྒྲོད་བྱེད་མི་མཚུངས་པ་སྤྲད་དུ་མི་རུང་བ་དང་།ཕག་སོགས་ལུས་བཙོས་པའི་སྒོ་གསུམ་དང་།ཁའི་སོ་ཕྱི་དང་།ཤིང་སོགས་གཟུགས་བརྙན་བྱས་པ་ལ་མི་མིན་གྱི་མཐུས་ལམ་གྱི་རྣམ་པར་དོད་པ་དང་།མ་ནིང་མོ་སྦུབ་མེད་དང་།ནང་དུ་མ་ཆུད་པ་དང་།ཆུད་༼༡༥ན༽པའི་ཕྱིར་རྨ་ཉེད་པ་དང་།སྒོ་གསུམ་གྱི་ཕྱི་རོལ་ཏུ་ཡན་ལག་གི་རྣམ་པར་རེག་པར་བྱེད་པ་དང་།ཡན་ལག་ནད་སོགས་ཀྱིས་ཉམས་པ་དང་།ལས་སུ་མི་རུང་བ་དང་།བལྟབ་པ་དང་།མ་རེག་པར་འཛུད་པ་དང་།གཞན་གྱི་མཐུས་བསྩལ་བ་ན་སྐྲག་པ་དང་ངོ་ཚ་བས་རོ་མ་མྱོང་བ་དང་།འཁྲིག་པ་བསྟེན་པའི་ཕྱིར་གཞན་ལ་ཁས་བླངས་པ་ལ་སོགས་པ་རྣམས་སྦོམ་པོའོ།།
ལུས་ངག་ཏུ་ཐོན་ནས་བཤགས་བྱའི་ཉེས་བྱས་སུ་འགྱུར་ལ།མི་ཚངས་སྤྱོད་འདོད་ཀྱིས་ཁྲི་ལས་ལྡང་བ་སོགས་གོམ་པ་རེ་ལའང་ཉེས་བྱས་སུ་འགྱུར་ལ།ཐ་ན་ཆགས་སེམས་ཀྱིས་བུད་མེད་ཀྱི་ལུས་ལ་མིག་གིས་བལྟ་བ་ཙམ་ལའང་ཉེས་བྱས་སོ།།
བསླབ་བྱ་ནི།སྒོ་བཅད་ཅིང་བསྐོར་བ་དང་།གྲོགས་དགེ་སློང་གིས་བསྲུང་བ་དང་།ཤམ་ཐབ་ཀྱི་མཐའ་མ་བཅིངས་པར་ཉིན་མོ་གཉིད་མི་ལོག་པར་བྱ་བ་དང་།བུད་མེད་ཀྱིས་འབྲིད་པའི་གནས་དང་།མི་མིན་གྱིས་འཁྲིག་པ་བསྟན་འཇུག་པའི་གནས་དང་།ཡན་ལག་གི་རྣམ་པ་འཛིན་པའི་ཆུ་ཀླུང་ལ་སྒྲེན་མོར་བརྒལ་བ་དང་།དྲན་ཤེས་མེད་པར་གྲུ་སྒྲོལ་བ་དང་།།
བ་ལང་གི་ནང་དང་།ཁྲོན་པ་བརྟག་པ་དང་།ཤེས་བཞིན་མེད་པར་བསོད་སྙོམས་སོགས་ལ་འགྲོ་བར་མི་བྱའོ།།
གཞན་ཡང་ཁྱིའི་མདུན་དུ་གཅི་བ་དང་།ཕོ་མོ་མ་བརྟག་པར་རབ་ཏུ་དབྱུང་བ་དང་།གཅིག་པོ་བླ་གབ་མེད་པར་མཚན་མོ་ཡང་བློས་མི་དབབ་པ་རྣམས་ནི་བསླབ་བྱའོ།།