༄༅།། སོ་སོ་ཐར་པའི་མདོའི་འགྲེལ་པ་རིན་ཆེན་འབྱུང་གནས་ཞེས་བྱ་བ་ཀརྨ་པ་མི་བསྐྱོད་རྡོ་རྗེས་མཛད་པ་བཞུགས།

འོ་ན་སོ་ཐར་གྱི་སྡོམ་པ་རང་གི་ངོ་བོ་ནི།གཞན་ལ་གནོད་པ་གཞི་བཅས་ལས་བཟློག་པ་སྟེ།དེ་ཡང་བྱེ་སྨྲ་ལྟར་ན།རྣམ་རིག་བྱེད་མིན་གྱི་གཟུགས་བསྟན་མེད་ཐོགས་མེད་ཆོས་ཀྱི་སྐྱེ་མཆེད་དང་ཆོས་ཀྱི་ཁམས་སུ་བསྡུ་ཞིང་།ཇི་སྐད་དུ།སྡོམ་དང་སྡོམ་པ་མིན་དང་གཞན།ཅེས་དང་།གཡེང་དང་སེམས་མེད་པ་ཡི་ཡང་།།
དགེ་དང་མི་དགེ་རྗེས་འབྲེལ་གང་།།
འབྱུང་བ་ཆེ་རྣམས་རྒྱུར་བྱས་པ།།
དེ་ནི་རྣམ་རིག་བྱེད་མིན་བརྗོད།།
ཅེས་སོ།།
མདོ་སྡེ་པས་སྤོང་སེམས་དགེ་བར་འདོད།སེམས་ཙམ་པས་སྤོང་སེམས་དགེ་བ་ས་བོན་དང་བཅས་པར་འདོད།སོ་ཐར་གྱི་སྡོམ་པ་དེ་ལ་མིང་དུ་དབྱེ་བ་བརྒྱད་དེ།འཁོར་རྣམ་པ་བཞི་ནི།ཁྱིམ་པའི་ཕྱོགས་ཀྱི་དགེ་བསྙེན་ཕ་མ་གཉིས།རབ་ཏུ་བྱུང་བའི་ཕྱོགས་ཀྱི་དགེ་སློང་ཕ་མ་གཉིས་སོ།།
མིང་བསྙེན་གནས་དགེ་བསྙེན་ཕ་མ་གཉིས།དགེ་ཚུལ་ཕ་མ་གཉིས།དགེ་སློབ་མ།དགེ་སློང་ཕ་མ་གཉིས་སོ།།
རྫས་སུ་རྣམ་པ་བཞི་སྟེ།དགེ་ཚུལ།དགེ་སློང་།དགེ་བསྙེན།བསྙེན་གནས་ཏེ་བཞི།དགེ་སློང་མཚན་འགྱུར་ན་དགེ་སློང་མ་ཞེས་འཕོ།དགེ་ཚུལ་མ་དང་དགེ་སློང་མ་མཚན་འགྱུར་ན་དགེ་ཚུལ་དང་དགེ་སློང་ཞེས་མིང་འཕོ་སྟེ།ཇི་སྐད་དུ།སོ་སོར་ཐར་ཞེས་བྱ་རྣམ་བརྒྱད།།
རྫས་སུ་རྣམ་པ་བཞི་ཡིན་༼༦བ༽ཏེ།།
མཚན་ལས་མིང་ནི་འཕོ་བའི་ཕྱིར།།
ཐ་དད་དེ་དག་འགལ་བ་མེད།།
ཅེས་སོ།།
བསྙེན་གནས་ནི་ཉིན་ཞག་གཅིག་པ་སྟེ།དགེ་ཚུལ་གྱི་བསླབ་པ་བཅུའི་སྟེང་ནས་གསེར་དངུལ་ལེན་སློང་ཕྲིས་ནས་གར་སོགས་ཕྲེང་སོགས་གཅིག་ཏུ་བྱས་པའོ།།
དགེ་བསྙེན་ནས་རྫོགས་པའི་བར་ནི་ཇི་སྲིད་འཚོ་བའི་སྟེ།དགེ་བསྙེན་ལ་ཡང་རྣམ་གྲངས་དྲུག་གམ་བདུན་ཏེ།སྐྱབས་གསུམ་འཛིན་པའི་དགེ་བསྙེན་དང་།སྣ་གཅིག་སྤྱོད་པ་སྲོད་གཅོད་ལྟ་བུ་སྤོང་བ།སྣ་འགའ་སྤྱོད་པ་དེའི་སྟེང་དུ་མ་བྱིན་པ་ལེན་པ་སྤོང་བ་ལྟ་བུ།ཕལ་ཆེར་སྤྱོད་པ་དེའི་སྟེང་དུ་འདོད་ལོག་སྤང་བ་ལྟ་བུ།དེའི་སྟེང་དུ་ཆང་སྤོང་བ་ཡོངས་སུ་རྫོགས་པ།མི་ཚངས་སྤྱོད་རིལ་གྱིས་སྤང་བ་ཚངས་སྤྱོད་ཀྱི་དགེ་བསྙེན་ཏེ་དྲུག་པོ་འདི་བྱེ་སྨྲ་དང་ཐུན་མོང་ལ་བསྙེན་གནས་ཡན་ལག་བརྒྱད་ཇི་སྲིད་འཚོ་བའི་བར་དུ་བསྲུང་བ་གོ་མིའི་དགེ་བསྙེན་ཞེས་མདོ་སྡེ་པ་ཟེར།རབ་བྱུང་ལ་རྩ་བཞི་ཡན་ལག་དྲུག་ཕྱོགས་མཐུན་དང་བཅས་པ་བསྲུང་བ་དགེ་ཚུལ་ཕ་མ།དེའི་ཁར་ལོ་གཉིས་སུ་རྩ་བའི་ཆོས་དྲུག་དང་།རྗེས་མཐུན་གྱི་ཆོས་དྲུག་སྟེ།བཅུ་གཉིས་སྤངས་པས་དགེ་སློབ་མའི་བསླབ་པ།ཁྲིམས་ཉིས་བརྒྱ་ལྔ་བཅུ་ཆ་ལག་དང་བཅས་པ་སྤོང་བ་བསྙེན་པར་རྫོགས་པའོ།།
བྱེད་ལས་ནི་མི་མཐུན་ཕྱོགས་སྤོང་བར་བྱེད་པའི་ཆུ་ལོན་ཏོ།།
སྒྲ་བཤད་པ་ནི།པྲ་ཏི་སོ་སོ་ལ་འཇུག་པ་ནི།རྒྱུད་སོ་སོ་བ་ཐ་དད་པར་སོ་སོ་ཐར་ཞེས་པའམ།པྲ་ཐ་མ་ཞེས་པ་དང་པོ་ལ་འཇུག་པས་བརྗོད་པ་གསུམ་གྱི་མཐར་དང་།དང་པོར་སྡོམ་པ་ཐོབ་པས་དང་པོར་ཐར་པ་བྱས་༼༧ན༽པའམ།ཨུ་པ་པྲ་ཏི་ཐབས་ཀྱི་དོན་ཏེ་ཐར་པའི་ཐབས་ཞེས་བྱ་བར་སྦྲེལ་བ་ཡིན་ནོ།།
ཞར་ལ་འགྱུར་ཕྱག་གིས།ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།།
ཞེས་སྨྲས་སོ།།
གཉིས་པ་ནི།མིང་ཚིག་ཡི་གེའི་ཚོགས་སུ་སྣང་བའི་ལུང་སྡེ་བཞི་འགྲེལ་པ་དང་བཅས་པའོ།།
གཉིས་པ་གཞུང་དོན་ལ།མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའ་བ་ལ།དེ་བཞིན་གཤེགས་པ་རྒྱུའི་དུས་སུ་བསྙེན་པ་ནི་བྱང་ཆུབ་སེམས་གཉིས་སུ་བསྐལ་པ་གྲངས་མེད་གསུམ་དུ་བསགས་སྦྱང་གི་ཕུལ་དུ་ཕྱིན་ལ།འབྲས་བུའི་དུས་ཀྱི་བསྙེན་པའི་སྐུ་གསུམ་ཡེ་ཤེས་གཉིས་དང་བཅས་བརྙེད་ལ།བ་དན་ནི་ཕུར་ཞིང་མངོན་པར་གསལ་བའི་དཔེ་སྟེ།མངོན་མཐོ་ངེས་ལེགས་གསལ་བར་བྱེད་པའོ།།
དེ་འཇིག་རྟེན་གསུམ་དུ་གྲགས་པའོ།།
འོ་ན་གཟུགས་མེད་དུ་ཅི་ལྟར་གྲགས་སྙམ་ན།གཟུགས་མེད་པའི་སྐྱེ་མཆེད་ནི་མངོན་པར་ཤེས་པའི་ས་པ་ཡིན་པས་སངས་རྒྱས་ལ་སངས་རྒྱས་སུ་འདུ་ཤེས་པ་ཡིན་ནོ།།
དམ་པ་དེ་ཀུན་མཁྱེན་ཡིན་ལ།དེ་ཉིད་སྒྲུབ་པར་བྱེད་པའི་ཆོས་ནི།བདེན་པ་བཞི་མངོན་པར་རྟོགས་པ་དང་།དེའི་ཐབས་ནི་སྒྲ་སྟེ་སེང་གེ་ནི་འཇིགས་པ་མེད་པ་བཞིན་དུ་མུ་སྟེགས་བྱེད་ཀྱི་ཕྱོགས་འབྱེད་པར་བྱེད་ཅིང་གདུལ་བྱ་རྣམས་སྡུད་པར་བྱེད་པའི་སྒྲ་སྒྲོག་པར་མཛད་ལ།མཁྱེན་པ་ཕུན་ཚོགས་ཐམས་ཅད་མཁྱེན་ཅིང་།ཐུགས་རྗེ་ཕུན་ཚོགས་དཀོན་མཆོག་གསུམ་གྱི་མཛོད་དམ་གཏེར་བརྙེས་པ་སྟེ།འབྲས་བུའི་ཁྱད་པར་ཕུན་ཚོགས་དེ་བཞིན་གཤེགས་པའི་ཞབས་ལ་ཚངས་པའི་དབང་པོ་ནི་སྤྱི་ཕུད་ཀྱི་བདག་པོ་སྟེ།དེས་ཀྱང་གཙུག་གི་ནོར་བུས་གཏུག་པ་ཡིན་༼༧བ༽ནོ།།
སྤང་བའི་ཁྱད་པར་ནི།སྡུག་བསྔལ་གསུམ་གྱི་རྒྱ་མཚོ་གཏིང་མཐའ་མེད་པ་ལས་བརྒལ་བ་ཡིན་ཏེ།ཡེ་ཤེས་ཀྱི་ཁྱད་པར་འགྲོ་བ་རིགས་དྲུག་གིས་བསྡུས་པའི་གཙོ་བོ་སྟེ།སྐྱབས་གནས་དེ་ལ་སྤྱི་བོས་ཕྱག་འཚལ་ཏེ།ཐམས་ཅད་མཁྱེན་པ་ཐོབ་པའི་ཐབས་སུ་གྱུར་པའི་བསླབ་གཞི་ལུང་སྡེ་བཞི་ནི་དཀོན་མཆོག་གསུམ་འབྱུང་བའི་སྣོད་ཡིན་པའི་ཕྱིར་ན་སྡིག་པ་མི་དགེ་བ་ལས་རིང་དུ་འཕགས་པའི་ཚོགས་ཀྱི་དབུས་སུ་དབྱེ་བར་བྱའོ།།
དེ་ལྟར་དབྱེ་བ་བྱས་པ་ལས།དང་པོ་སོ་སོ་ཐར་པ་ལ་བསྟོད་པ་ནི།མཐོང་ཆོས་ཀྱི་ཕན་ཡོན་ལ་བལྟོས་ཏེ་བསྟོད་པ་ལ་ལྔ་ལས།སངས་རྒྱས་ཀྱིས་བཤད་པའི་འདུལ་བ་ནི།རི་བོ་གངས་ཅན་གྱི་ཞོལ་གྱི་མཚོ་མ་དྲོས་པ་དང་སྟེ།གཏིང་མཐའ་མེད་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་ཀྱི་གཞིའི་གནས་བརྗོད་པའི་སྙིང་དང་ཞེས་པ་ནི་ས་བོན་དང་རྩ་བ་ཡིན་ལ།སྙིང་པོ་ནི་མི་འགྱུར་བའི་དོན་གྱིས་ན་སོ་སོར་ཐར་པ་འདི་ཡིན་ནོ།།
སོ་སོར་ཐར་པ་འདི་ནི་དམ་ཆོས་ཀྱི་རྒྱལ་པོ་སངས་རྒྱས་ཉིད་དེ།འདི་ཉིད་ཀྱི་ཤུལ་གང་དུ་ཆས་པར་གཅེས་སྤྲས་བྱས་པས་དེར་ཡན་ལག་བཅུ་གཉིས་ཚུལ་ཁྲིམས་དང་བཅས་པའི་ཆོས་ཀུན་ཀྱི་ནི་བློན་པོ་དང་འདྲ་བ་འདྲེན་པའི་མཆོག་ཏུ་གྱུར་ལ།སོ་སོར་ཐར་པ་འདི་ནི་དགེ་སློང་རྣམས་ཀྱི་ཚོང་པའི་ཚོགས་ཀྱིས་ཐོབ་པར་འགྱུར་བའི་མྱང་འདས་ཀྱི་ནོར་བུ་ཉོ་བར་བྱེད་པ་ཡི་ཟོང་ནི་ཚུལ་ཁྲིམས་སྔོན་དུ་འགྲོ་བའི་བསླབ་པ་གསུམ་སྟེ།དེ་ཡང་བསླབ་པ་ཕྱི་མ་གཉིས་བཞག་པའི་གནས་ཀྱི་ཚོང་ཁང་ཆེན་མོ་ནི་བསླབ་པ་སྔ་མ་ཡིན་ནོ།།
ཚུལ་ཁྲིམས་འཆལ་བས་ཏེ་ཉོན་མོངས་པས་ཟིན་པ་རྣམས་ཀྱི་སྦྲུལ་གྱི་དུག་དང་འདྲ་བའི་གདུག་པ་རྣམ་པར་༼༨ན༽སེལ་བའི་སྨན་ནི་སོ་ཐར་འདི་ཡིན་ནོ།།
སོ་སོར་ཐར་པ་འདི་ནི་གླ་ང་པོ་ཆེ་གཞོན་ནུ་ལང་ཚོས་མྱོས་པའི་ཆགས་པས་སེམས་ཕྱིན་ཅི་ལོག་ཏུ་རྣམ་པར་འཕྲུལ་པ་འདུལ་བར་བྱེད་པ་རྐང་གཉིས་གཞོན་ནུ་ནི་མི་སྟེ།ལྕགས་ཀྱུ་དང་བཅས་ནས་སྣ་ཞགས་ནས་འཛིན་པར་བྱེད་པ་ལྟ་བུའོ།།
མ་མཐོང་བའི་ཕན་ཡོན་ནི།རྒྱ་མཚོ་དུག་ཅན་ལས་ཟབ་པའི་འཁོར་བ་ལས་སྒྲོལ་བའི་བསྒྲལ་ཐབས་གཟིངས་ལྟ་བུ་ནི་སོ་སོར་ཐར་པ་ཡིན་ནོ།།
འདི་ནི་བཟང་འགྲོ་སྟེ་བདེ་འགྲོར་འགྲོ་བའི་རེ་བ་སྟེ་གདོན་མི་ཟ་བར་ཆུ་ལོན་གྱི་ཟམ་པ་ཡིན་ནོ།།
སོ་ཐར་འདི་ནི་མཐོང་སྒོམ་གྱི་སྤང་བྱའི་ཉོན་མོངས་པ་ཕམ་པར་བྱེད་པའི་ལམ་སྐད་ཅིག་བཅུ་དྲུག་སོགས་དེ་ཉིད་རྒྱལ་པོ་དང་འདྲ་བར་རྒྱུད་ལ་འདྲེན་པར་བྱེད་པའི་མཆོག་སོ་སོར་ཐར་པའོ།།
སོ་ཐར་འདི་ནི་ཐར་པའི་གྲོང་དུ་འཇུག་པའི་ཐེམ་སྐ་ས་ཀྱི་གཞི་དང་འདྲ་བར་གནས་པའོ།།
སྟོན་པ་དང་འདྲ་བར་བསྟོད་པ་ནི།ང་ནི་མྱ་ངན་འདས་གྱུར་ནས།།
འདི་ནི་ཁྱོད་ཀྱི་སྟོན་པའོ་ཞེས།།
རང་བྱུང་སངས་རྒྱས་ཉིད་ཀྱིས་གུས་པ་དང་བཅས་པར་ནན་ཏན་དུ་དགེ་སློང་གི་ཚོགས་རྣམས་ཀྱི་མདུན་དུ་མངོན་སུམ་དུ་བསྟོད་ལ།དེའི་ཕྱིར་ཡང་འདིར་བསྟོད་པ་ཡིན་ནོ།།
འོ་ན་མདོ་ལས།ཟག་པ་མེད་པའི་ལམ་རྒྱུད་ལ་བརྟེན་ནས་མྱང་འདས་ཐོབ་པར་གསུངས་པ་དང་།སོ་ཐར་ལ་བརྟེན་ནས་ཐོབ་པར་གསུངས་པ་འགལ་ཅེ་ན།ཉེས་པ་མེད་དེ།ཟག་མེད་ཀྱི་ལམ་ནི་དངོས་སུ་བརྟེན་ནས་དང་།སོ་ཐར་ནི་རྒྱུད་ལ་བརྟེན་ཏེ་མྱང་འདས་ཐོབ་པར་གསུངས་པས་མི་འགལ་༼༨བ༽བ་ཡིན་ནོ།།
ཚོགས་ལམ་འབྲས་བུ་དང་བཅས་བ་སྟོན་པར་བྱེད་པ་ལ།དེ་ཡང་དང་པོ་རྙེད་དཀའ་བ་ལས།དང་པོ་གཞན་འབྱོར་གྱི་སྒོ་ནས་རྙེད་དཀའ་བ་ནི།སངས་རྒྱས་ཤེས་བྱའི་སྒྲ་འདི་ཡང་།།
འཇིག་རྟེན་དག་ན་རབ་ཏུ་དཀོན།།
ཞེས་དང་།གཉིས་པ་རང་འབྱོར་གྱི་རྙེད་དཀའ་ནི།མི་ཉིད་རྙེད་པར་ཤིན་ཏུ་དཀའ།།
ཞེས་དང་།གསུམ་པ་དགེ་བའི་ཆོས་ལ་རྙེད་པར་དཀའ་བ་ནི།རབ་ཏུ་བྱུང་བའང་ཤིན་ཏུ་དཀོན།།
ཞེས་དང་།བཞི་པ་ཚུལ་ཁྲིམས་ཀྱི་སྡོམ་པ་ལ་སོགས་པ་ལྔ་རྙེད་པར་དཀའ་བ་ནི།དེ་བཞིན་རབ་ཏུ་བྱུང་རྣམས་ཀྱང་།།
ཚུལ་ཁྲིམས་ཕུན་སུམ་ཚོགས་རབ་དཀོན།།
ཞེས་པ་སྟེ།ཚུལ་ཁྲིམས་ཀྱི་སྡོམ་པ་ལ་སོགས་པ་ལྔ་ནི་ཚུལ་ཁྲིམས་ཀྱི་སྡོམ་པ་དང་།དབང་པོའི་སྒོ་བསྡམས་པ་དང་།ཟས་ཀྱི་ཚོད་རིག་པ་དང་།ནམ་གྱི་ཆ་སྟོད་ཆ་སྨད་ལ་མི་ཉལ་བ་རྣལ་འབྱོར་ལ་བརྩོན་པ་དང་།ཤེས་བཞིན་དུ་སྤྱོད་པའོ།།
ལྔ་པ་དགེ་བའི་བཤེས་གཉེན་བསྟེན་པ་ལ་སོགས་པ་ལྔ་རྙེད་པར་དཀའ་བ་ནི།ཚུལ་ཁྲིམས་ཡོངས་སུ་དག་གྱུར་ཀྱང་།།
གྲོགས་བཟང་ཤིན་ཏུ་རྙེད་པར་དཀའ།།
ཞེས་པ་སྟེ།དགེ་བའི་བཤེས་གཉེན་བསྟེན་པ་དང་།དམ་པའི་ཆོས་ཉན་ཅིང་སེམས་པ་དང་།གཏོང་བ་སྤེལ་བ་དང་།བར་ཆད་མེད་པ་དང་།དགེ་སྦྱོང་གི་རྒྱན་དང་ལྔ་ནི་ལྡན་པར་དཀོན་པ་སྟེ།དགེ་བཤེས་ཀྱི་མཚན་ཉིད་ཀྱང་།ཚུལ་ལྡན་མང་ཐོས།རྟོགས་ལྡན།རྗེས་སུ་བརྩེ་བ།ཡིད་མི་སྐྱོ་བ།བཟོད་ལྡན།མི་འཇིགས་པ།ཚིག་གི་བྱ་བ་དང་ལྡན་ལ།དགེ་སྦྱོང་༼༩ན༽དུ་བྱེད་པའི་ཆོས་བཞི་དང་ལྡན་པ།འཁོར་གྱི་ནང་དུ་ཆོས་སྟོན་པ་ལ་ངག་ཡན་ལག་བརྒྱད་ལྡན་གྱི་འཆད་ཤེས་པ་སྟེ།གྲོང་ཁྱེར་གྱི་སྐད་སྨྲ་བ་དང་།སྙན་ཅིང་འཇེབས་པ་དང་།རྣམ་པར་གསལ་བ་དང་།རྣམ་པར་རིག་པ་དང་།མཉན་པར་འོས་པ་དང་།མི་མཐུན་པ་མེད་པ་དང་།བརྟེན་པ་མེད་པ་དང་།ཕྱིར་མི་གཏུག་པ་བརྒྱད་དོ།།
གཏོང་བ་སྤེལ་བ་ལ་ཡང་ཅིའི་ཕྱིར་གཏོང་ན་སེམས་ཀྱི་རྒྱུན་མངོན་ཤེས་དྲུག་བསྐྱེད་པའི་ཕྱིར་དང་།སེམས་ཀྱི་ཡོ་བྱད་བསམ་གཏན་བཞི་བསྐྱེད་པའི་ཕྱིར་དང་།རྣལ་འབྱོར་གྱི་ཚོགས་རྣམ་པར་དག་པའི་ལམ་གཉིས་ཐོབ་པའི་ཕྱིར་དང་།དོན་གྱི་མཆོག་མཐར་ཕྱིར་པའི་ལམ་རྒྱུད་ལ་བསྐྱེད་པའི་ཕྱིར་རོ།།
བར་ཆད་ཀྱི་ཕྱོགས་སྤོང་བ་ནི་སྡིག་པའི་གྲོགས་སྤོང་ཞིང་ཐར་པའི་གེགས་སུ་གྱུར་པ་རྩ་ཉོན་དྲུག་ཉེ་ཉོན་ཉི་ཤུ་ཐམས་ཅད་དོ།།
དགེ་སློང་གི་རྒྱན་བཅུ་བདུན་ནི།ཇི་སྐད་དུ།དད་ལྡན་གཡོ་མེད་ནད་ཉུང་དང་།།
བརྩོན་འགྲུས་ཤེས་རབ་འདོད་ཆུང་དང་།།
ཆོག་ཤེས་གསོ་སླ་དགང་སླ་དང་།།
སྦྱངས་དང་མཛེས་དང་དྲོད་རིག་དང་།།
སྐྱེད་བུ་དམ་ཆོས་མཁས་རྟགས་དང་།།
བཟོད་དང་དེས་དང་གྱ་ནོམ་པའོ།།
དེས་པ་ནི་ཉན་ཐོས་ཀྱི་ས་ལས་སྟོན་པ་དང་།ཚངས་པ་མཚུངས་པར་སྤྱོད་པ་ལ་མཁས་པ་རྣམས་ལ་བྱམས་པའི་ལུས་དང་ངག་དང་ཡིད་ཀྱི་ལས་དང་ལྡན་པ་དང་།ཆོས་དང་ལྡན་པའི་རྙེད་པ་ཐུན་མོང་དུ་ལོངས་སྤྱོད་ཅིང་མི་བསྲི་བ་དང་།ཚུལ་ཁྲིམས་དང་མཐུན་པ་དང་།ལྟ་བ་དང་མཐུན་པར་ཞུགས་པ་ཡིན་ཏེ།དེ་ཡང་དག་པར་དགའ་བ་དང་།སྡུག་པ་དང་།བླ་མར་༼༩བ༽བྱེད་པ་དང་།རྩོད་པ་མེད་པར་བྱེད་པའི་ཆོས་དྲུག་པོ་དེ་དག་དང་ལྡན་ན་དེས་པ་ཡིན་ནོ།།
ཞེས་སོ།།
དེ་ལྟར་ཚུལ་ལྔས་སོ་ཐར་རྙེད་པར་དཀའ་བ་བསྟན་ནས།ནན་ཏན་དུ་བསྒྲུབ་དགོས་པ་ནི།མཁས་པ་བདག་ལ་ལེགས་འདོད་ཅིང་།ཚོགས་ལམ་དེ་དག་ནས་སྦྱོར་བའི་ལམ་དང་རྣམ་དག་གི་ལམ་གཉིས་ཀྱི་འབྲས་བཅས་བྱེད་པར་འདོད་པའི་སྡོམ་བརྩོན་རྣམས་ཀྱིས་བརྗོད་བྱ་རྗོད་བྱེད་ཀྱི་སོ་སོར་ཐར་པའི་མདོ་འདི་མཉན་པའི་ཕྱིར་ནི་འབད་པར་བྱའོ།།
ད་ནི་སོ་སོར་ཐར་པའི་སྒྲུབ་པ་ཉིད་གལ་ཆེ་བར་སྟོན་པ་ལ་བདག་དོན་དུ་བྱས་ནས་བསྒྲུབ་པ་ནི།དགེ་སློང་དག་མིག་ལ་སོགས་པའི་དབང་པོ་རྣམས་ཡུལ་གཟུགས་ལ་སོགས་པ་དང་འཕྲད་པ་ན་ཆགས་སྡང་རྨོངས་པ་སྐྱེད་པར་བྱེད་ཅིང་།གཉེན་པོ་དང་མ་བྲལ་བས་དུལ་བའོ།།
ཀུན་དབང་པོ་ཞེས་པ་ནི།གཉེན་པོ་མངོན་གྱུར་དུ་འདྲེན་པར་མ་ནུས་པའི་ཚེ་ཡང་རེ་ཞིག་མཉམ་པར་འཇོག་སྟེ།ལུང་མ་བསྟན་དུ་སེམས་འཇོག་གོ།གཞན་གྱི་དབང་དུ་བྱས་ནས་བསྒྲུབ་པར་བསྟན་པ་ནི།འཁོར་བའི་སྡུག་བསྔལ་ལས་ངེས་པར་ཕྱུང་ཞིང་།སངས་རྒྱས་ཐོབ་འདོད་མི་འགྱུར་བའི་བློས་ཡུལ་དུས་དམ་བཅས་ཁྱད་པར་དུ་བྱས་ནས་སྐྲ་དང་ཁ་སྤུ་བྲེགས་ཏེ་རབ་ཏུ་བྱུང་བ་གཞན་ལས་ནོད་པས་ཁྲེལ་ཡོད་སྐྱེ་བའི་དགོས་པའོ།།
ཆོས་ཀྱི་དབང་དུ་བྱས་པའི་སྒྲུབ་པ་ནི།ངེས་པར་ཐར་པ་འདོད་རྣམས་ཀྱིས།ཞེས་སོ།།
བསྒྲུབ་པའི་དབང་དུ་བྱས་ནས།སོ་སོར་ཐར་པ་རྟག་ཏུ་བསྲུང་།།
ཞེས་པའོ།།