༄༅།། སོ་སོ་ཐར་པའི་མདོའི་འགྲེལ་པ་རིན་ཆེན་འབྱུང་གནས་ཞེས་བྱ་བ་ཀརྨ་པ་མི་བསྐྱོད་རྡོ་རྗེས་མཛད་པ་བཞུགས།

༄༅།།སོ་སོ་ཐར་པའི་མདོའི་འགྲེལ་པ་རིན་ཆེན་འབྱུང་གནས་ཞེས་བྱ་བ་བཞུགས་སོ།།

༼༡བ༽ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།།
དབུས་གཙང་ཁམས་གསུམ་གྱི་བཙུན་གཅིག་མར་གྲགས་ཤིང་།ཡོངས་ཀྱི་དགེ་བའི་བཤེས་གཉེན་ཀརྨ་པ་རང་བྱུང་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ལས་བྱང་ཆུབ་ཀྱི་སེམས་དང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ཅིང་།ཡེ་ཤེས་ཀྱི་མཁའ་འགྲོ་དང་ལྷག་པའི་ལྷ་ཡིས་རྗེས་སུ་བཟུང་ཞིང་།སྙིགས་མའི་གདུལ་བྱ་རྣམས་ཀྱི་དོན་དུ་སྤྲུལ་པའི་སྐུ་ཆེན་པོ་ཀ་རྨ་ཕྲིན་ལས་པའི་ཞལ་སྔ་ནས་འདི་སྐད་དུ་བཀའ་སྩལ་ཏེ་ཞེས་བྱ་བའི་དགེ་བའི་བཤེས་གཉེན་གྱི་གསུང་ལ་ནན་ཏན་དུ་གུས་པའི་ཡན་ལག་སྔོན་དུ་སོང་སྟེ་བརྗོད་པར་བྱའོ།།
དེ་ལ་འདིར་བཅོམ་ལྡན་འདས་ཀྱིས་ཐེག་པ་གསུམ་ཀར་མི་དགེ་བ་བཅུ་སྤངས་ནས་དགེ་བ་བཅུ་སྒྲུབས་ཏེ་མངོན་པར་མཐོ་བ།ལྷ་མིའི་ལུས་རྟེན་དང་།ས་ཐོབ་ནས་དག་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་སྐྱེ་བ་ལེན་བྱེད་ཀྱི་རྒྱུའི་གཙོ་བོར་གྱུར་པ་ཉེས་སྤྱོད་༼༢ན༽སྡོམ་པའི་ཚུལ་ཁྲིམས།དངོས་སུ་ངན་སོང་ནས་དང་བརྒྱུད་ནས་ཁམས་གསུམ་འཁོར་བ་སོ་སོ་ནས་ཐར་པའི་ཚུལ་འདི་ལ་དམ་པའི་ཆོས་འདུལ་བ་ཞེས་བྱ་བར་གྲགས་པ་ཡིན་པས།དེ་སྟོན་པའི་རྗོད་བྱེད་ཀྱི་གཞུང་མང་ནའང་།སོ་སོར་ཐར་པའི་མདོ་ཞེས་བྱ་བ་ཟླ་བ་ཕྱེད་ཕྱེད་ཅིང་གནས་བརྟན་པ་རྣམས་ཀྱིས་རང་རང་གི་ཉེ་གནས་ཀྱི་ཚོགས་རྣམས་ལ་བླང་དོར་གྱི་མིག་འབྱེད་པར་བྱེད་པའི་སོ་སོར་ཐར་པའི་མདོ་ཞེས་འདོན་པར་མཛད་པའི་དཀའ་བའི་གནས་ལས་གླེང་སྟེ།བསླབ་བྱ་ཅུང་ཟད་ཅིག་བརྗོད་པ་ལ།ཀླད་ཀྱི་དོན་ཏེ།གཞུང་གི་དོན་ཏོ།།
དང་པོ་ལ་གཉིས་ཏེ།ཚུལ་ཇི་ལྟར་དུ་བཤད་པ་དང་།མཚན་གྱི་དོན་ཏོ།།
དང་པོ་ནི།ཕུན་སུམ་ཚོགས་པ་ལྔའི་ཚུལ་དུ་བཤད་པ་དང་།བཤད་ཐབས་ཀྱི་ཡན་ལག་ལྔའི་ཚུལ་དུ་བཤད་པའོ།།
དང་པོ་ལ་ལྔ་སྟེ།སྟོན་པ་དང་།ཆོས་དང་།དུས་དང་།གནས་དང་།འཁོར་རོ།།
༼༢བ༽དང་པོ་ལ།ཆོས་འདིའི་སྟོན་པ་ཕུན་ཚོགས་ནི།སངས་རྒྱས་དང་ཉེ་བར་འཁོར་དང་ཆོས་ཀྱི་ཚོང་དཔོན་དང་དྲི་མེད་བཤེས་གཉེན་ནོ།།
དེ་ལ་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ལ་གཞན་དོན་གྱི་དབང་དུ་བྱས་ནས།སྙན་པའི་བ་དན་ཞེས་སོགས་དང་།རང་དོན་དུ་སྡུག་བསྔལ་རྒྱ་མཚོ་གཏིང་མཐའ་མེད་བརྒལ་བ།།
ཞེས་སོགས་ཀྱིས་འགྲོ་བའི་གཙོ་བོར་གྱུར་པ།སྤངས་པ་དང་།ཡེ་ཤེས་ཀྱི་ཁྱད་པར་དུ་ཕྱེ་བ་དེའོ།།
ཉེ་བ་འཁོར་ཡང་སྤང་བའི་ཡོན་ཏན་ནི།ལྷག་མ་བདུན།ལས་འདུ་བྱེད་སྲིད་པ།དང་སྐྱེ་བ་ལྷག་མ་བདུན།དང་ཉོན་མོངས་པ་གསུམ་མ་རིག་པ་སྲིད་པ་ལེན་པ།སྤངས་ཤིང་།རྟོགས་པ་ནི་གང་ཟག་གི་བདག་མེད་རྟོགས་ལ་དགྲ་བཅོམ་པར་གྱུར་པའོ།།
དེ་ཁོ་ནར་མ་ཟད་དགྲ་བཅོམ་གཞན་ལས་ཐུན་མོང་མིན་པའི་འདུལ་བ་འཛིན་པའི་མཆོག་ཏུ་བསྔགས་པ་ཡིན་ནོ།།
འོ་ན་འདུལ་བ་འཛིན་པ་ལ་མཆོག་ཏུ་བྱེད་པའི་ཕན་ཡོན་ཅི་ཞེ་ན།བྱུང་བ་ཤེས་པ་དང་བཅས་པ་ཤེས་པ་དང་རྗེས་སུ་བཅས་པ་ཤེས་པ་དང་གནང་བ་ཤེས་པ་དང་བཀག་པ་ཤེས་པའི་ཕན་ཡོན་ཡོད་ལ།ཕྱོགས་གང་ན་འདུལ་བ་འཛིན་པ་ཡོད་པ་དེ་ན་སྡུག་བསྔལ་དང་ཉེས་པ་ཐམས་ཅད་དང་བྲལ་ཞིང་བདེ་སྐྱིད་ཀྱི་འོད་དུ་འབར་དུ་ཡིན་ཏེ།བཅོམ་ལྡན་འདས་ཉིད་ཀྱིས་ཀྱང་།ཕྱོགས་གང་ན་འདུལ་བ་འཛིན་པ་འཁོད་པ་དེ་ན་ང་ཐུགས་ལས་ཆུང་ངུར་འཁོད་པས་ཆོག་གོ་ཞེས་གསུངས་པ་དང་།རྣམ་འབྱེད་ཀྱི་དབུར།ཇི་ལྟར་འདི་ན་ཤིང་རྩ་གཙོ་བོ་སྟེ།།
རྣམ་པར་འཕེལ་དང་ཀུན་འཛིན་གཉིས་ཀྱི་གཞི།།
ཞེས་གསུངས་པས།འདུལ་བ་འཛིན་པ་ནི་ཡོན་ཏན་མཐའ་ཡས་པའི་བདག་ཉིད་ཡིན་ནོ།།
ཆོས་ཀྱི་ཚོང་དཔོན་ཡང་།སྒྲུབ་པའི་རྒྱུ་ཚུལ་༼༣ན༽ཁྲིམས་དང་ལྡན་ཅིང་།ཚུལ་ཁྲིམས་རིན་པོ་ཆེ་ལ་ཕན་ཡོན་ཚེ་རབས་འདིར་མཐོང་བ་དང་མ་མཐོང་བའི་ཡོན་ཏན་གྱི་ཁྱད་པར་དགུ་དཔེ་དང་བཅས་པ་དང་།སྟོན་པ་དང་འདྲ་བར་བསྟོད་པའི་སྡེབ་སྦྱོར་གྱི་འབྲས་བུ་ཡི་རྟགས་ལས་མཁྱེན་རབ་ཀྱི་མཐུ་ཕུལ་དུ་བྱུང་བ་རྟོགས་པའོ།།
དྲི་མེད་བཤེས་གཉེན་ཀྱང་།།
སྒྲུབ་པའི་རྒྱུ་ཚུལ་ཁྲིམས་དང་ལྡན་ཅིང་།ཚུལ་ཁྲིམས་ལའང་ཚོགས་ལམ་འབྲས་བུ་དང་བཅས་པ་ལ་རྙེད་པར་དཀའ་བ་ལས་རྙེད་པ་དང་།རྙེད་པ་ལ་ནན་ཏན་དུ་བྱས་པའི་ཚུལ་གྱིས་བསྟོད་པ་ནི་སྡེབ་སྦྱོར་ལས་ཀྱང་མཁྱེན་པ་ཅན་དུ་གྲུབ་བོ།།
ཆོས་ནི་སྐབས་འདིར་མཐའ་གཉིས་ལ་ཆགས་པའི་གཉེན་པོར་འདུལ་བའི་སྡེ་སྣོད་དང་པོར་བཅས་པ་ལྔ་སྡེ་བཟང་པོ་ལ་ཤམ་ཐབས་ཟླུམ་པོར་བགོ་བར་བྱའོ།།
ཞེས་པ་དང་།བར་དུ་བཅས་པ་སངས་རྒྱས་ཀྱི་བསྟན་པ་ལ་སྐྱོན་བྱུང་བའི་དུས་སུ་བཅས་པ་དང་།ཐ་མར་བཅས་པ་བསྟན་པ་ལ་སྐྱོན་བྱུང་ནས་བཅས་པ་རིམ་གསུམ་གསུངས་ཤིང་།དེ་ཉིད་ལས་ཉེ་བར་འཁོར་གྱིས་སྤྱི་སྡོམ་རྣམས་བཏུས་ཤིང་།ཆོས་ཀྱི་ཚོང་དཔོན་གྱིས་སངས་རྒྱས་འདུལ་བ་ནས།ཚོགས་དབུས་སྟོད་ཀྱི་བར་གྱི་ཚིགས་བཅད་དྲུག་དང་།དྲི་མེད་བཤེས་གཉེན་གྱིས།སངས་རྒྱས་ཞེས་བྱའི་ནས་ཚོགས་ལམ་འབྲས་བུ་དང་བཅས་པ་བཞི་དང་།དགེ་སློང་དབང་དུལ་ཞེས་སོགས་ཚིགས་བཅད་ལྔ་སྟེ།དྲི་མེད་བཤེས་གཉེན་གྱིས་དང་།མཆོད་བརྗོད་ཀྱི་ཚིགས་བཅད་གཉིས་དང་།བསྐལ་པ་བྱེ་བ་རྣམས་སུ་ཡང་།།
ཞེས་པ་ལ་སོགས་ཚིགས་བཅད་དྲུག་དང་།སྡོམ་གྱི་ཚིགས་སུ་བཅད་པ་རྣམས་དང་།སངས་རྒྱས་རྣམ་༼༣བ༽གཟིགས་གཙུག་ཏོར་ཐམས་ཅད་སྐྱོབས།།
ཅེས་པ་ལ་སོགས་སྟོན་པ་གང་གི་ལུང་ཡིན་པའི་ཚིགས་བཅད་གསུམ་དང་།བརྩམ་པར་བྱ་ཞིང་ཞེས་སོགས་ཚིགས་བཅད་གཉིས་དང་།བསྔོ་བའི་ཚིགས་བཅད་གཅིག་སྟེ་ཉེ་བར་འཁོར་གྱིས་སོ།།
དུས་ཀྱི་དབང་དུ་ན།སངས་རྒྱས་ཀྱིས་སངས་རྒྱས་ནས་ཟླ་བ་གཉིས་སུ་ཆོས་མ་གསུངས་པ་ལ་ཚངས་པ་གཙུག་ཕུད་འཛིན་གྱིས་གསོལ་བ་བཏབ་སྟེ་ལྔ་སྡེ་བཟང་པོ་ལ་དང་པོར་གསུངས་ནས་མྱ་ངན་ལས་འདའ་ཀ་ཡན་དུ་གསུངས་པ་དང་།ཉེ་བར་འཁོར་གྱིས།མྱ་ངན་ལས་འདས་པའི་ཕྱི་ལོ་བཀའ་བསྡུ་བའི་ཚུལ་གྱིས་གསུངས།དགྲ་བཅོམ་པ་ཕྱི་མ་གཉིས་ཀྱིས་ཀྱང་།དེ་བཞིན་གཤེགས་པ་ནོངས་པ་ནས་དུས་མི་རིང་བར་གསུངས་སོ།།
གནས་ནི་མཉན་ཡོད་དང་ཝཱ་ར་ཎ་སའི་དང་།ཙམ་པ་ཀ་དང་།རྒྱལ་པོའི་ཁབ་དང་ཡངས་པ་ཅན་དང་སེར་སྐྱའོ།།
ཉེ་བ་འཁོར་གྱིས་ནི་ནྱ་གྲོ་དྷའི་ཕུག།ཆོས་ཀྱི་ཚོང་དཔོན་དང་དྲི་མེད་བཤེས་གཉེན་གྱིས་ནི་ཡུལ་དབུས་ཀྱི་གནས་ཕུན་སུམ་ཚོགས་པར་གསུངས་སོ།།
འཁོར་ནི་དེ་བཞིན་གཤེགས་པ་ལྔ་སྡེ་ནས་བཟུང་སྟེ་དག་པ་བ་དང་།བཟང་སྦྱིན་ལ་སོགས་མ་དག་པ་འདྲེས་མ་ལའོ།།
ཉེ་བ་འཁོར་གྱིས་ནི་དགྲ་བཅོམ་པ་ལྔ་བརྒྱ་སྟེ་དག་པའི་ཡུལ་ལའོ།།
དགྲ་བཅོམ་པ་གཉིས་ཀྱིས་ཀྱང་རབ་ཏུ་བྱུང་བའི་ཚོགས་ལ་གསུངས་པའོ།།
གཉིས་པ་བཤད་ཐབས་ཀྱི་ཡན་ལག་ལྔའི་ཚུལ་གྱིས་བཤད་པ་ལ།སློབ་དཔོན་དབྱིག་གཉེན་གྱིས།དགོས་པ་བསྡུས་པའི་དོན་བཅས་དང་།།
ཚིག་དོན་བཅས་དང་མཚམས་སྦྱར་བཅས།༼༤ན༽བརྒལ་ལན་བཅས་ཏེ་བསྙད་པར་བྱ།།
ཞེས་གསུངས་པ་ལྟར།དགོས་པ་ནི།མདོ་འདིས་ལུས་དབང་ཤེས་རབ་སྨིན་པ་གསུམ་ལྡན།ཉོན་མོངས་པ་དང་ལས་དང་སྐྱེ་བའི་སྒྲིབ་པ་གསུམ་ཤས་ཆུང་བའི་གང་ཟག་གིས་སྤོང་བ་བདུན་འཁོར་དང་བཅས་པའི་ཚུལ་ཁྲིམས་ལ་བདེན་པར་རྟོགས་པའོ།།
བསྡུས་པའི་དོན་ནི་བསྟན་བཅོས་དང་སྤྱིའི་ཁོང་ན་གནས་པའི་བརྗོད་བྱ་མི་གསལ་བ་ཁ་བསྐ་ངས་ནས་བཤད་པ་དང་།བསྟན་བཅོས་རང་གི་བསྡུས་དོན་ཚིག་རིམ་དུ་བཤད་པ་གཉིས་ལས།དང་པོ་ལ།སྡོམ་པ་མ་ཐོབ་པ་འཐོབ་བྱེད།ཐོབ་པ་སྲུང་བར་བྱེད་པ།ཉམས་ནས་ཕྱིར་བཅོས་པའི་ཐབས་དང་གསུམ་ཡིན་ལ།དེ་གསུམ་གྱིས་ནི་འདུལ་བའི་སྡེ་སྣོད་མཐའ་དག་བསྡུས་ཏེ།སོ་ཐར་གྱི་སྡོམ་པ་ནི་ཡང་དག་པར་བླངས་པ་བརྡ་ལས་བྱུང་བ་ཡིན་གྱི།དེ་ཡང་ཉི་ཤུར་ལོན་ཅིང་།ལོན་པར་ཁོ་ནར་མ་ཟད།མཐུན་པའི་རྐྱེན་གང་ལས་ནོད་པའི་ཡུལ་མཁན་པོ་ལ་སོགས་མངོན་གྱུར་རྣམ་པ་བཅུ་སྟེ།རྟེན་ལུས་ཕུན་སུམ་ཚོགས་པ་དང་།ཆོ་ག་སྦྱོར་དངོས་རྗེས་གསུམ་ཚང་།འགལ་རྐྱེན་བར་ཆད་ཀྱི་ཆོས་མཚམས་མེད་པ་ལ་སོགས་པ་དང་བྲལ་བ་ཞིག་དགོས་སོ།།
ཐོབ་ནས་བསྲུང་བའི་ཚུལ་ལ་ལྔ་སྟེ།གང་ཟག་གཞན་ལ་བརྟེན་པ་དང་།རང་གི་བསམ་པ་ཕུན་སུམ་ཚོགས་པ་དང་།མི་མཐུན་པ་ངོ་ཤེས་པ་དང་།བསླབ་པ་ཡོངས་སུ་སྦྱངས་པའི་སྒོ་ནས།བདེ་བར་གནས་པའི་རྐྱེན་བརྟེན་པ་ལས་བསྲུང་པའོ།།
དེ་ཡང་དང་པོ་ནི།གནས་ལ་གནས་ཤིང་ཞུ་བ་དང་།ཆད་པ་༼༤བ༽གཅོད་པའི་ཚུལ་ཏེ།འཕགས་པ་རྣམས་ནི་མཐོང་ན་བདེ།།
ཞེས་པ་དང་།གྲོགས་བཟང་ཤིན་ཏུ་རྙེད་པར་དཀའ།།
ཞེས་པས་བསྟན་ཏོ།།
གཉིས་པ་ལ།སྡིག་པ་མི་དགེ་བ་ལ་འཇུག་པ་རང་ངོས་ནས་ངོ་ཚ་ཞིང་།གཞན་ངོས་ནས་འཇིག་རྟེན་ལྷ་དང་བཅས་པས་ཁྲེལ་ཡོད་པར་བསྲུང་བའི་ཕྱིར།གཉེན་པོ་མི་བརྗེད་པའི་དྲན་པ་དང་།འཕྲལ་དུ་བྱ་ར་བྱེད་བཞིན་པའི་ཤེས་རབ་དང་།སྒོ་དུ་མ་ནས་བག་ཡོད་པའམ།བག་ཟ་བ་དང་བཅས་ཏེ་ལྟུང་བའི་ཕྱོགས་ལ་གཡང་ཟ་བའི་བློ་ནར་མ་དང་བཅས་པའོ།།
གསུམ་པ་ནི།སྡོམ་པ་གཏོང་བྱེད་ཀྱི་རྒྱུ་གང་ཡིན་པ་དང་།བྱང་ཆུབ་སྒྲུབ་ནུས་ཀྱི་སྡོམ་པ་རྨས་བྱེད་ཀྱི་རྒྱུ་གང་ཡིན་པ་དང་།སེམས་རབ་དྭངས་ཀྱི་ཏིང་ངེ་འཛིན་ལ་བར་ཆད་བྱེད་པ་གང་ཡིན་པའི་རྒྱུ་གང་ཡིན་རྣམ་ངོ་ཤེས་པར་བྱས་ཏེ་སྤོང་བའོ།།
བཞི་པ་ནི།ཟླ་བ་ཕྱེད་ཕྱེད་ཅིང་ལྟུང་བས་དག་པར་ཁས་ལེན་པའི་གསོ་སྦྱོང་དང་།དབྱར་དགག་ལ་སོགས་པས་རྒྱུད་དག་པར་བཅོས་པའོ།།
ལྔ་པ་ནི།གོས་ལ་བརྟེན་པ་གོས་ལས་གྱུར་པའི་ལྟུང་བྱ་སུམ་ཅུ་སོ་དྲུག།ཟས་ལ་བརྟེན་ཏེ་ཟས་ལས་གྱུར་པའི་ལྟུང་བ་ཉེར་གཉིས།སྣོད་སྤྱད་ལ་བརྟེན་ཏེ་ལྷུང་བཟེད་འཆང་སློང་ཁབ་རལ་ཏེ་གསུམ།གནས་ཁང་གནས་མལ་ལ་བརྟེན་པའི་ཁང་པ་ཁང་ཆེན་སོགས་བཅུ་གསུམ་སྟེ་ལོངས་སྤྱོད་པ་མཐའ་གཉིས་ཀྱི་དུབ་པ་བསལ་བའི་ཚུལ་གྱིས་སོ།།
གསུམ་པ་ཉམས་པ་ཕྱིར་བཅོས་ལ་བསམ་པ་ནི།འགྱོད་ནས་སྡོམ་པ་འཆོས་པར་འདོད་པ་མྱང་འདས་ཀྱི་བསམ་པ་དང་ལྡན་པའོ།།
སྦྱོར་བ་ནི།བཤགས་༼༥ན༽པའི་ཚུལ་ལས་ཀྱི་ཆོ་ག་ནས་འབྱུང་བཞིན་བྱའོ།།
བསྡུས་དོན་གཉིས་པ་ནི།མདོ་འདིའི་སྤྱི་དང་བྱེ་བྲག་གི་སྡོམ་རྣམས་ཡིན་ལ།ཚིག་དོན་ནི་འོག་ནས་འཆད་པར་འགྱུར་ཞིང་།མཚམས་སྦྱར་ནི།གསོ་བ་དང་རྣམ་པར་བཞག་པ་ལ་སོགས་པས་གླིང་བསླང་བའོ།།
བརྒལ་ལན་ནི།།
རང་རང་གི་སྐབས་བབས་ཀྱིས་འཆད་མོད་ཀྱང་།མདོ་འདི་བསྒྲུབ་པའི་བསྟན་བཅོས་ཤས་ཆེ་བས་བརྒལ་ལེན་གྱི་སྤྲོས་པ་ཆེ་བ་མེད་དོ།།
གཉིས་པ་མཚན་གྱི་དོན་ནི།རྒྱ་གར་སྐད་དུ།པྲ་ཏི་མོཀྵ་སཱུ་ཏྲ།བོད་སྐད་དུ།སོ་སོར་ཐར་པའི་མདོ།ཞེས་བྱ་བ་ཡིན་པ་ལ་དཀའ་བའི་གནས་ཁོང་ནས་བསླངས་ཏེ་བརྗོད་པར་བྱ་སྟེ།དེ་ཡང་སོ་སོར་ཐར་པ་ལ་བརྗོད་བྱ་དོན་གྱི་དང་།རྗོད་བྱེད་སྒྲའི་གཉིས་ལས།དང་པོ་ལ།རྒྱུ་གང་ལས་སྐྱེ་བ་འདི་ཤེས་དགོས་ཏེ།དེ་ཡང་སྡེ་པའི་ལུགས་ལ།འདུས་བྱས་ཀྱི་དངོས་པོ་བསྐྱེད་པ་ལ་རྒྱུ་དྲུག་རྐྱེན་བཞི་འབྲས་བུ་ལྔ་ལས་བསྐྱེད་དགོས་ཏེ།གྲུབ་མཐའ་ལས།བྱེད་རྒྱུ་ལྷན་ཅིག་འབྱུང་བ་དང་།།
སྐལ་མཉམ་མཚུངས་པར་ལྡན་པ་དང་།ཀུན་ཏུ་འགྲོ་དང་རྣམ་སྨིན་དང་།།
རྒྱུ་ནི་རྣམ་པ་དྲུག་ཏུ་འདོད།།
ཅེས་འབྱུང་བས་རྣམ་སྨིན་ལས་སྡོམ་པ་མི་སྐྱེ་སྟེ།སྡོམ་པའི་སྐྱེ་རྒྱུ་ལ་རྣམ་སྨིན་གྱི་མཚན་ཉིད་མ་ཚང་སྟེ།རྣམ་སྨིན་རྒྱུ་ནི་མི་དགེ་དང་།།
དགེ་བ་ཟག་བཅས་རྣམ་ཁོ་ན།།
ཞེས་བཤད་ཅིང་དུས་སྐྱེ་བ་གཅིག་གི་ཕྱི་ནས་འགྲུབ་པར་བཤད་པ་ལ་སྡོམ་པ་དགེ་བ་ཡིན་པ་དང་།ཀུན་འགྲོ་ལས་ཀྱང་མི་སྐྱེ་སྟེ།སྡོམ་པ་ལ་ཀུན་འགྲོའི་མཚན་ཉིད་མེད་དེ།དེའི་མཚན་ཉིད།ཀུན་འགྲོ་ཞེས་བྱ་ཉོན་༼༥བ༽མོངས་ཅན།།
ཞེས་དང་།མཚུངས་ལྡན་ལས་ཀྱང་སྡོམ་པ་མི་སྐྱེ་སྟེ།དེའི་མཚན་ཉིད་མེད་པས།དེའི་མཚན་ཉིད་ནི།སེམས་བྱུང་རྟེན་མཚུངས་ཅན་རྣམས་སོ།།
ཞེས་འབྱུང་བས།བྱེ་སྨྲས་སྡོམ་པ་གཟུགས་སུ་འདོད་པའི་ཕྱིར་མི་འཐད་དོ།།
སྐབས་འདིར་རྒྱུ་གསུམ་སྟེ།སྐལ་མཉམ་གྱི་རྒྱུ་ནི་སྔ་མ་ལས།ཕྱི་མ་རིགས་མཐུན་གསར་དུ་སྐྱེ་བ་སྟེ།སྐལ་མཉམ་རྒྱུ་ནི་འདྲ་བའོ།།
ཞེས་དང་།ལྷན་ཅིག་འབྱུང་བའི་རྒྱུ་ནི།འབྱུང་བ་རྙིང་པ་བཞི་ཚན་བདུན་བདུན་གྱིས་གསར་པ་བཞི་ཚན་བདུན་མདུང་ཁྱིམ་གྱི་ཚུལ་དུ་བསྐྱེད་དེ།འདུས་བྱས་མཚན་ཉིད་བཞི་ལྡན་དུ་སྐྱེ་བར་བྱེད་ལ།བྱེད་པའི་རྒྱུ་ལས་ཀྱང་སྐྱེ་སྟེ།འདི་ལ་གཉིས།བྱེད་རྒྱུ་བྱེད་པས་སྟོང་སྟེ་གེགས་མ་བྱས་པ་ཙམ་དང་།བྱེད་པ་དང་བཅས་པ་ལ་ཡང་གསུམ་སྟེ།དང་པོ་ནི།སྡོམ་པ་རྒྱུད་ལ་སྐྱེད་པར་བྱེད་པའི་གཞི་རྟེན་སྐད་ཅིག་གཉིས་པ་ཕན་ཆད་ཀྱི་རྒྱུན་གནས་པར་བྱེད་པ་འབྱུང་བ་རྒྱུར་གྱུར་པ་དང་།གཉིས་པ་ནི།སྡོམ་པ་སྐྱེ་བ་ལ་སྐད་ཅིག་དུ་མས་བར་དུ་ཆོད་པའི་གནས་སྐབས་རྒྱུ་དང་།སྐད་ཅིག་ཕྱི་མ་ལ་སྐྱེ་བའི་སྔ་མའི་གནས་སྐབས་ལ་དུས་ཀྱི་ཀུན་སློང་སྟེ་སེམས་པ་རྒྱུར་གྱུར་པ་དང་།གསུམ་པ་ནི།རང་དང་གཞན་གྱི་རིག་བྱེད་རྒྱུར་གྱུར་པའོ།།
རིག་བྱེད་ལ་ཡང་རང་གི་ལུས་རྟགས་བསམ་པ་ཕུན་ཚོགས་སྔ་མ་སྔོན་སོང་།གཞན་གྱི་རིག་བྱེད་ནི་མཁན་སློབ་དགེ་འདུན་མཚན་ལྡན་གྱིས་ཁྱད་པར་དུས་བྱས་པའོ།།
རྐྱེན་ནི།བྱེ་སྨྲའི་ལུགས་ལ་རྒྱུ་ཡང་ཡིན།རྐྱེན་ཡང་ཡིན་པར་མི་འགལ་བས།སྐལ་མཉམ་ལྷན་ཅིག་འབྱུང་བའི་རྒྱུ་གཉིས་པོ་དེ་རྐྱེན་གཅིག་ཏུ་བྱས་པ་དང་།༼༦ན༽བྱེད་རྒྱུ་བདག་པོའི་རྐྱེན་དུ་བྱས་པས།རྒྱུ་ཞེས་བྱ་བ་རྒྱུ་ལྔ་སྟེ།བྱེད་རྒྱུ་ཞེས་བྱ་བདག་པོར་བཤད།།
ཅེས་པའི་རྐྱེན་ནི།གཉིས་ལས་སོ།།
འབྲས་བུ་ལྔ་ལས་བྱེད་འབྲས་སུ་འདོད་དེ།གང་གི་སྟོབས་ཀྱིས་གང་སྐྱེ་བའི།།
འབྲས་དེ་སྐྱེས་བུ་བྱེད་ལས་སྐྱེས།།
ཞེས་པའོ།།