༄༅།། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་ཚིག་དོན་གྱི་འགྲེལ་བ་ལེགས་བཤད་ཀུན་ལས་བཏུས་པ་བཞུགས་སོ།

༄༅། །འཕགས་པ་བཟང་པོ་སྤྱོད་པའི་ཚིག་དོན་གྱི་འགྲེལ་བ་ལེགས་བཤད་ཀུན་ལས་བཏུས་པ་བཞུགས་སོ། །

༄། །དོན་གཉིས་མཐར་ཕྱིན་རྫོགས་སངས་རྒྱས་རྣམས་དང༌། །ཆགས་བྲལ་དམ་པའི་ཆོས་དང་དེ་འཛིན་པའི། །སྲས་མཆོག་གཉིས་སོགས་འཕགས་ཚོགས་ལ་བཏུད་ནས། །བཟང་པོ་སྤྱོད་པའི་ཚིག་དོན་དགྲོལ་བར་བྱ། །

འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་འདི་ཉིད་འཆད་པ་ལ། ཐོག་མར་དགེ་བ་ཀླད་ཀྱི་དོན། བར་དུ་དགེ་བ་གཞུང་གི་དོན། ཐ་མར་དགེ་བ་མཇུག་གི་དོན་གསུམ་གྱི། དང་པོ་ལ་མཚན་དོན་དང༌། འགྱུར་ཕྱག་གཉིས་ལས། དང་པོ་ནི།

རྒྱ་གར་སྐད་དུ། ཨཱརྻ་བྷ་དྲ་ཙཱརྻ་པྲ་ཎི་དྷ་ནི་རཱ་ཛ།

བོད་སྐད་དུ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ།

དེའང༌། རྒྱ་གར་ན་སྐད་རིགས་ཆེན་པོ་བཞི་ཡོད་པ་ལས་ལེགས་སྦྱར་གྱི་སྐད་དུ། གཞུང་འདིའི་མཚན་ལ་ཨཱརྻ་བྷ་དྲ་ཙཱརྻ་པྲ་ཎི་དྷ་ནི་རཱ་ཛ། ཞེས་འབྱུང༌། དེ་བོད་སྐད་དུ་བསྒྱུར་ན། ཨཱརྻ་ནི་འཕགས་པ། བྷ་དྲ་ནི་བཟང་པོ། ཙཱརྻ་ནི་སྤྱོད་པ། པྲ་ཎི་དྷ་ནི་ནི་སྨོན་ལམ། རཱ་ཛ་ནི་རྒྱལ་པོ་སྟེ། འཕགས་པ་ཀུན་ཏུ་བཟང་པོས་གསུངས་པས་སམ། དེའི་སྤྱོད་པ་སྨོན་ལམ་དུ་འདེབས་པའི་ཕྱིར་རམ། ཡང་ན་བཟང་པོ་ནི་ཐོག་མཐའ་བར་གསུམ་དུ་དགེ་བ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྟེ། དང་པོ་ཐོས་པ་ན་དོན་ངེས་ཤེས་ཡིད་ཆེས་པའི་དད་པ་དང༌། བར་དུ་བསམ་པ་ན་ཐོབ་པར་ནུས་པར་རིག་ནས་དགའ་བ་དང༌། ཐ་མ་བསྒོམ་པ་ན་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པའི་བློ་གྲོས་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ཐམས་ཅད་ཡོངས་སུ་འདུས་པའི་སྨོན་ལམ་གྱི་མདོ་ཆེན་པོ་ཡིན་པས་ན་རྒྱལ་པོའོ། །

གཉིས་པ་ནི།

འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །

དེའང་ལོ་ཙཱ་བས་འགྱུར་མཛད་པའི་སྔ་ལོགས་སུ་རང་གི་འདོད་པའི་ལྷ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ་ཞེས་བཀོད་པའོ། །

གཉིས་པ་གཞུང་གི་དོན་ལ། སྨོན་ལམ་འགྲུབ་པའི་རྒྱུ་བསགས་སྦྱང་བྱ་བའི་ཉམས་ལེན་གྱི་རིམ་པ། དངོས་གཞི་སྨོན་ལམ་གྱི་རབ་དབྱེ་རྒྱས་པར་བཤད་པ། རྗེས་ཕན་ཡོན་བསྟན་པས་མཇུག་བསྡུ་བ་གསུམ་གྱི། དང་པོ་ལ་བདུན་ལས། དང་པོ་ཕྱག་འཚལ་བའི་ཡན་ལག་ལ་བསྟན་བཤད་གཉིས་ཀྱི། དང་པོ་མདོར་བསྟན་པ་ནི།

ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེངྒེ་ཀུན། །

བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །

དེའང༌། མཐའ་ཀླས་པའི་ཞིང་གི་བཀོད་པའི་ཁྱད་པར་ཇི་སྙེད་པ་བསྟན་ཅིང་སྟོན་པར་འགྱུར་བ་པོ་གང་སུ་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་སྔར་སངས་རྒྱས་ནས་འདས་པར་གྱུར་པ་དང༌། ད་ལྟ་སངས་རྒྱས་པ་དང༌། མ་འོངས་པའི་དུས་སུ་འཚང་རྒྱ་བར་འགྱུར་བ་སྟེ། དུས་གསུམ་དུ་གཤེགས་པའི་རྒྱལ་བ་དགའ་ལྡན་གྱི་གནས་ནས་སེམས་ཅན་གྱི་དོན་དུ་མི་ཡི་ལུས་སུ་བསྟན་པ། དཔེར་ན་སེང་གེས་གཅན་གཟན་དང་རི་དྭགས་ཐམས་ཅད་ཟིལ་གྱིས་མནན་ཏེ་བག་ཚ་བ་མེད་པ་ལྟར། དེ་བཞིན་གཤེགས་པས་ཀྱང་བདུད་དང་མུ་སྟེགས་ཅན་ཕྱིར་རྒོལ་བ་ལྷ་དང་མི་ཐམས་ཅད་ཟིལ་གྱིས་མནན་ཏེ་བག་ཚ་བའི་བསྙེངས་པ་མི་མངའ་སྟེ། མཁྱེན་པའི་ཡོན་ཏན་གྱིས་འཕགས་པ་མི་ཡི་སེང་གེ་མང་པོ་ཀུན་ཡིད་ཡུལ་དུ་དམིགས་ནས། བདག་གིས་སངས་རྒྱས་སྲས་དང་བཅས་པ་ལྷག་མ་གཅིག་ཀྱང་མ་ལུས་པ་དེ་དག་ལ། ལུས་ཀྱིས་བཏུད་པ་དང་ངག་གིས་བསྟོད་ཅིང་ཡིད་ཀྱིས་རབ་ཏུ་དང་བ་སྟེ་དད་པ་ཆེན་པོས་ཕྱག་འཚལ་བར་བགྱིའོ། །

གཉིས་པ་རྒྱས་པར་བཤད་པ་ལ་གསུམ་གྱི། དང་པོ་ལུས་ཀྱི་ཕྱག་ནི།

བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱི་མངོན་སུམ་དུ། །

ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །

དེའང༌། སྐྱབས་ཡུལ་རྣམས་ཀྱི་བཟང་པོ་ཡོན་ཏན་གྱི་སྤྱོད་པ་ལ་རབ་ཏུ་དད་པའི་སྨོན་ལམ་གྱི་སྟོབས་དག་གིས་ཀུན་ནས་བསླངས་ཏེ། སྡིག་པ་མི་དགེ་བའི་ཆོས་ལས་རྒྱལ་བ་ཕྱོགས་དང་དུས་ཀྱིས་བསྡུས་པ་ཐམས་ཅད་ཡིད་ཀྱི་ཡུལ་ལ་མངོན་སུམ་དུ་གྱུར་པ་ལྟར་དམིགས་ནས། དེ་དག་རེ་རེའི་དྲུང་དུ་རང་གི་ལུས་ཕྱོགས་བཅུའི་ཞིང་གི་རྡུལ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་གྲངས་དང་མཉམ་པར་སྤྲུལ་ཏེ། ལུས་དེ་དག་ཐམས་ཅད་ཀྱང་རབ་ཏུ་བཏུད་པ་སྟེ་ཐལ་མོ་སྦྱར་ཞིང་ཡན་ལག་ལྔ་ས་ལ་གཏུགས་པ་ཡིས། རྒྱལ་བ་སྲས་དང་བཅས་པ་ཀུན་ལ་དུས་མཐའ་ཡས་པར་རབ་ཏུ་ཕྱག་འཚལ་ལོ། །

གཉིས་པ་ཡིད་ཀྱི་ཕྱག་ནི།

རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །

དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པར། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །

དེའང༌། རྡུལ་ཕྲ་རབ་གཅིག་གི་སྟེང་ན་ཡང་སངས་རྒྱས་ཀྱི་ཞིང་མ་ལུས་པའི་རྡུལ་གྱི་གྲངས་ཇི་སྙེད་པ་དང་མཉམ་པའི་སངས་རྒྱས་རྣམས་བཞུགས་པ་དང༌། དེ་ཡང་གཅེར་པ་དང་དོག་པ་མ་ཡིན་པར་སངས་རྒྱས་རྣམས་ཀྱང་རང་རང་གི་སྲས་བྱང་སེམས་འཕགས་པས་བསྐོར་བ་ལ། མཆོད་པའི་བཀོད་པ་དཔག་ཏུ་མེད་པ་དང་བཅས་ཏེ་ཞིང་ཁམས་ཀྱི་དབུས་ན་བཞུགས་པ་དག་ཡིན་ལ། རྡུལ་གཅིག་ལ་ཇི་ལྟར་ཡོད་པ་དེ་ལྟར་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ་རྣམས་གཅིག་ཀྱང་མ་ལུས་པའི་རྡུལ་ཕྲ་རབ་ཐམས་ཅད་དུ་ཡང་རྒྱལ་བ་མང་པོ་དག་གིས་ཡོངས་སུ་གང་བར་མོས་ཏེ། དེ་དག་ལ་ཡིད་ཀྱི་དང་བ་བླ་ན་མེད་པ་བསྒོམས་པས་སེམས་སྦྱང་བར་བྱའོ། །

གསུམ་པ་ངག་གི་ཕྱག་ནི།

དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །

རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང༌། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །

དེའང༌། ཡིད་ཀྱི་ཡུལ་དུ་ཇི་ལྟར་བྱས་པའི་སངས་རྒྱས་སྲས་བཅས་དེ་དག་ལ་བསྟོད་ཅིང་བསྔགས་པ་ཡོན་ཏན་མི་ཟད་པ་རྒྱ་མཚོ་ལྟ་བུ་རྣམས། ངག་གི་འདུ་བྱེད་དབྱངས་ཀྱི་ཡན་ལག་སྟེ་ལྕེ་རྐན་ལ་སོགས་པ་རྒྱ་མཚོ་ལྟར་མང་པོར་སྤྲུལ་ནས་མཐའ་ཡས་པའི་སྒྲ་སྐད་ཀུན་གྱིས་རྒྱལ་བ་མ་ལུས་པ་ཀུན་གྱི་བསྔགས་པ་རབ་ཏུ་བརྗོད་ཅིང༌། བདེ་བར་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་བདག་གིས་བསྟོད་པར་བྱེད་པའོ། །

གཉིས་པ་མཆོད་པའི་ཡན་ལག་ལ་གཉིས་ཀྱི། དང་པོ་བླ་ན་ཡོད་པའི་མཆོད་པ་ནི།

མེ་ཏོག་དམ་པ་ཕྲེང་བ་དམ་པ་དང༌། །སིལ་སྙན་རྣམས་དང་བྱུགས་པའི་གདུགས་མཆོག་དང༌། །

མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །

ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང༌། །ཕྱེ་མའི་ཕུར་མ་རི་རབ་མཉམ་པ་དང༌། །

བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ཡང་མཆོད་པར་བགྱི། །

དེའང༌། ལྷའི་ཡུལ་མན་ཆད་ཀྱི་འཇིག་རྟེན་ན་རྣམ་པར་བཀྲ་བའི་མེ་ཏོག་དམ་པ་དངོས་སུ་ཡོད་པ་ཇི་སྙེད་པ་དང༌། མེ་ཏོག་སྣ་ཚོགས་སྤེལ་ཏེ་བརྒྱུས་པའམ་རིན་པོ་ཆེ་སྣ་ཚོགས་བརྒྱུས་པའི་ཕྲེང་བ་དམ་པ་དང༌། རོལ་མོའི་བྱེ་བྲག་རྒྱུད་ཅན་དང་འབུད་དཀྲོལ་བརྡུང་བ་སོགས་སིལ་འཁྲོལ་སྙན་པའི་སྒྲ་རྣམས་དང༌། དྲི་ཞིམ་པོའི་བྱུག་པ་དང༌། ཚ་གདུང་སྐྱོབས་བྱེད་རིན་པོ་ཆེའི་གདུགས་མཆོག་ཏུ་གྱུར་པ་དང༌། རིན་པོ་ཆེའི་འོད་དང་འབྲུ་མར་གྱི་མེ་ལ་སོགས་པ་སྣང་གསལ་གྱི་མཆོག་མཐའ་ཡས་པ་དང༌། སྦྱར་བ་དང་ལྷན་སྐྱེས་ཀྱི་དྲི་ཞིམ་པོ་བསྲེགས་པའི་བདུག་སྤོས་དམ་པ་སྟེ། དེ་དག་རེ་རེ་ཡང་ལྷ་དང་མིའི་ཡུལ་ན་ཡོད་པའི་ཁ་དོག་དང་དབྱིབས་དང་དྲི་དང་རྒྱུ་ཕུན་སུམ་ཚོགས་པ་མཐའ་ཡས་ཤིང༌། རྣམ་པ་སྣ་ཚོགས་པ་བསམ་གྱིས་མི་ཁྱབ་པ་དེ་དང་དེ་ཡིས། གང་མངོན་སུམ་དང་ཡིད་ཀྱི་སྤྱོད་ཡུལ་དུ་དམིགས་པའི་རྒྱལ་བ་སྲས་བཅས་དེ་དག་ལ་ནི་ཉིན་རེ་བཞིན་ཏུ་མཆོད་པར་བགྱིའོ། །གཞན་ཡང་སྲབ་འཇམ་མཉེན་པའི་ན་བཟའ་དམ་པ་མཆོག་རྣམས་དང༌། སྤོས་ཆུས་ཡོན་ཆབ་ཏུ་གསོལ་བའམ་ཆག་ཆག་ཏུ་བཏབ་པའི་དྲི་མཆོག་ཏུ་གྱུར་པ་དང༌། དྲི་བཟང་གི་ཕྱེ་མའི་ཕུར་མ་སྟེ་ཐུམ་པོར་བྱས་པ་རྣམ་པ་སྣ་ཚོགས་སྤུངས་པའི་ཕུང་པོ་རི་རབ་དང་མཉམ་པ་སྟེ་མིང་གིས་སྨོས་པ་དང༌། མིང་གིས་མ་སྨོས་པ་རྣམས་ཀྱང་བཀོད་པ་རྣམ་པ་སྣ་ཚོགས་མཛེས་པས་ཁྱད་པར་དུ་འཕགས་པའི་མཆོག་ཀུན་གྱིས་རྒྱལ་བ་སྲས་བཅས་ཀྱི་ཚོགས་དེ་དག་ཐམས་ཅད་ལ་ནི་མཆོད་པར་བགྱིའོ། །

གཉིས་པ་བླ་ན་མེད་པའི་མཆོད་པ་ནི།

མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །

བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །

དེའང༌། རྫུ་འཕྲུལ་དང་ཏིང་ངེ་འཛིན་གྱི་མཐུ་ཤིན་ཏུ་ཆེ་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོད་པ་གང་བགྱིས་པ་རྣམས་ནི་བླ་ན་མེད་པ་སྟེ། འཇིག་རྟེན་ན་མེད་པའི་ཡོ་བྱད་ཀྱི་ཁྱད་པར་བཟང་དགུ་དུ་མ་སྤྲུལ་ཞིང༌། དེ་ཡང་བུམ་པ་བཟང་པོ་དང༌། དཔག་བསམ་གྱི་ཤིང་དང༌། ཡིད་བཞིན་གྱི་ནོར་བུ་སོགས་ལས་བསམ་པ་ཙམ་གྱིས་གང་ཉེ་བར་མཁོ་བའི་ཡོ་བྱད་མཐའ་ཡས་པ་དང༌། དམ་པའི་ཆོས་ཀྱི་སྒྲ་དང་བསྔགས་པའི་དབྱངས་མཐའ་ཡས་པ་འབྱུང་ནས་སངས་རྒྱས་ཀྱི་ཞིང་ཐམས་ཅད་རྒྱས་པར་འགེང་བས་ན་རྒྱ་ཆེ་བ་སྟེ་བདག་ཉིད་ཀྱི་སེམས་ཀྱིས་ཅི་ནུས་ཀྱི་མཆོད་པའི་ཡོ་བྱད་རྣམས་ཀྱིས་སངས་རྒྱས་ཀྱི་ཞིང་མང་པོ་རྒྱས་པར་བཀང་སྟེ་མཆོད་པ་བྱ་བར་བསམ་མོ། །མདོ་ལས། ཚངས་པ་གསུམ་པོ་འདི་དག་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་དང་རིམ་གྲོ་བླ་ན་མེད་པའོ། །མཆོད་པའི་ལས་བླ་ན་མེད་པས་བསོད་ནམས་ཚད་མེད་པ་འབྱུང་ངོ༌། །གསུམ་གང་ཞེ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་འཛིན་པ་དང༌། ཇི་ལྟར་ཐོས་པའི་ཆོས་རྣམས་དེ་བཞིན་ཏུ་སྒྲུབ་པའོ། །ཞེས་བླ་ན་མེད་པའི་མཆོད་པ་གསུམ་བཤད་དོ། །དེ་ལྟར་ཕྱག་མཆོད་ཀྱི་རིམ་པ་དེ་དག་གོང་དུ་སྨོས་པའི་རྒྱལ་བ་ཐམས་ཅད་ལ་ཡང་ལྷག་པར་མོས་པའི་དད་པ་དང༌། བཟང་པོ་སྤྱོད་པ་ལ་ཕན་ཡོན་མཐའ་ཡས་ཡོད་པར་ཡིད་ཆེས་པའི་དང་བའི་སྟོབས་དག་གིས་ཀུན་ནས་བསླངས་ཏེ། ཡུལ་རྒྱལ་བ་སྲས་བཅས་ཀུན་ལ་ཚུལ་དེས་ཕྱག་འཚལ་ཞིང་མཆོད་པར་བགྱིའོ། །

གསུམ་པ་སྡིག་པ་བཤགས་པའི་ཡན་ལག་ནི།

འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང༌། །

སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །

དེའང༌། རྒྱུ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གྱིས་ཀུན་ནས་བསླངས་པའི་དབང་གིས་ནི། གཞི་སྲོག་གཅོད་པ་སོགས་ལུས་དང༌། རྫུན་སོགས་ངག་དང༌། དེ་བཞིན་དུ་གནོད་སེམས་སོགས་ཡིད་ཀྱི་སྒོ་ནས་ཀྱང༌། ལས་སྡིག་པ་མི་དགེ་བ་བྱེད་པ་པོ་བདག་གིས་བགྱིས་པ་དང༌། གཞན་ལ་བྱེད་དུ་བཅུག་པ་དང༌།  བྱས་པ་ལ་རྗེས་སུ་ཡི་རང་བ་ཅི་མཆིས་ཤིང་ཡོད་པ་དེ་དག་ཐམས་ཅད་རྒྱལ་བ་སྲས་བཅས་དང་བཅས་པའི་སྤྱན་སྔར་བདག་གིས་འགྱོད་སྡོམ་གྱི་བསམ་པ་དྲག་པོས་ཆོ་ག་བཞིན་ཏུ་སོ་སོར་བཤགས་པར་བགྱིའོ། །

བཞི་པ་རྗེས་སུ་ཡི་རང་བའི་ཡན་ལག་ནི།

ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང༌། །

འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང༌། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང༌། །

དེའང༌། ཕྱོགས་བཅུ་ན་བཞུགས་པའི་རྒྱལ་བ་ཀུན་དང༌། སངས་རྒྱས་ཀྱི་སྲས་བྱང་སེམས་རྣམས་དང༌། རང་ཉིད་དུལ་བར་བྱ་བའི་ཕྱིར་ཉོན་མོངས་པ་ལས་འབྱུང་བའི་སྡིག་པ་མི་དགེ་བ་ལས་རྒྱལ་བ་རྣམས་དང༌། སློབ་པ་འཕགས་པ་རྒྱུན་ཏུ་ཞུགས་པ་ལ་སོགས་པའི་གང་ཟག་བདུན་དང༌། མི་སློབ་པ་འཕགས་པ་དགྲ་བཅོམ་པའི་འབྲས་བུ་དང༌། སོ་སོའི་སྐྱེ་བོའི་འགྲོ་བ་མ་ལུས་པ་ཀུན་གྱི་བསོད་ནམས་དགེ་བ་ཅི་དང་ཅི་བགྱིས་པ་གང་ལ་ཡང་རབ་ཏུ་དགའ་བའི་ཡིད་ཀྱིས་བསོད་ནམས་དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་བར་བགྱིའོ། །

ལྔ་པ་ཆོས་འཁོར་བསྐོར་བར་བསྐུལ་བའི་ཡན་ལག་ནི།

གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་དག །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །

མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པར་བསྐོར་བར་བསྐུལ། །

དེའང༌། གང་དུ་སངས་རྒྱས་རྣམས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མ་རིག་པའི་མུན་པར་འཁྱམས་པའི་སེམས་ཅན་རྣམས་ལ་ལམ་སྟོན་པར་མཛད་པས་འཇིག་རྟེན་གྱི་སྒྲོན་མ་སྟེ། དེ་བཞིན་གཤེགས་པ་དག་བྱང་ཆུབ་སྒྲུབ་པའི་ས་ལམ་གྱི་རིམ་པ་མ་ལུས་པ་ཡང་དག་པར་བགྲོད་དེ་སངས་རྒྱས་ཀྱི་གོ་འཕང་མངོན་དུ་མཛད་པས་ཤེས་བྱ་ཐམས་ཅད་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་བླ་ན་མེད་པ་བརྙེད་པའི་མགོན་པོ་དེ་དག་རྣམས་ཀྱི་མདུན་དུ། བདག་གིས་ཀྱང་ལུས་དེ་སྙེད་དུ་སྤྲུལ་ནས་རྒྱལ་བ་དེ་ཐམས་ཅད་ཀུན་ལ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་དག་འགྲོ་བའི་ཤེས་རྒྱུད་ལ་བསྐོར་བར་མཛོད་ཅིག་ཅེས་བསྐུལ་བའོ། །

དྲུག་པ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པའི་ཡན་ལག་ནི།

མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །

བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང༌། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །

དེའང༌། དོན་དམ་པར་སངས་རྒྱས་མྱ་ངན་ལས་མི་འདའ་མོད་ཀྱི། མྱ་ངན་ལས་འདའ་བར་བསྟན་པས་འདུལ་བའི་སེམས་ཅན་རྣམས་ལ་དེ་ལྟ་བུའི་ཚུལ་སྟོན་པར་དེ་བཞིན་གཤེགས་པ་གང་དག་བཞེད་ཅིང་མཛད་པ་དེ་དག་ལ། དགོས་པ་འགྲོ་བ་མ་ལུས་པ་ཀུན་ལ་གནས་སྐབས་སུ་ཕན་ཞིང་མཐར་ཐུག་གི་བདེ་བ་འབྱུང་བའི་ཕྱིར། དུས་བསྐལ་པ་ཆེན་པོ། ཞིང་མ་ལུས་པ་དག་གི་རྡུལ་ཕྲ་རབ་ཀྱི་གྲངས་སྙེད་དུ་བཞུགས་པར་ཡང་གསོལ་བ་འདེབས་པ་པོ་བདག་གིས་གུས་པའི་རྣམ་འགྱུར་ལུས་ཐལ་མོ་རབ་ཏུ་སྦྱར་ཏེ་དེ་ངག་ནས་གསོལ་བ་འདེབས་པར་བགྱིའོ། །

བདུན་པ་དགེ་རྩ་བྱང་ཆུབ་ཏུ་བསྔོ་བའི་ཡན་ལག་ནི།

ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང༌། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །

དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །

དེའང༌། གང་བསྔོ་ན་ཡུལ་མཆོག་ལ་ཕྱག་འཚལ་བ་དང་མཆོད་པ་གཉིས་ཀྱིས་མཆོད་ཅིང་སྟོབས་བཞིའི་སྒོ་ནས་རང་རྒྱུད་ཀྱི་ཉེས་པ་བཤགས་པ་དང༌། གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ཞིང་མྱ་ངན་ལས་མི་འདའ་བར་གསོལ་བ་ཡིས་ཐོབ་པའི་དགེ་བ་ཅུང་ཟད་བདག་གིས་གང་དང་ཅི་བསགས་པ་དེས་མཚོན་ཏེ་བདག་གཞན་ཀུན་གྱི་དགེ་ཚོགས་ཐམས་ཅད་དོ། གང་གིས་བསྔོ་ན་བྱེད་པ་པོ་བདག་གིས། གང་དུ་བསྔོ་ན་སྲིད་པའི་བདེ་བ་དང་ཉན་རང་གི་བྱང་ཆུབ་ཙམ་གྱི་ཆེད་དུ་མ་ཡིན་པར་རྫོགས་པའི་བྱང་ཆུབ་ཆེན་པོ་བླ་ན་མེད་པའི་ཕྱིར་ཏེ། ཇི་ལྟར་བསྔོ་ན་འཁོར་གསུམ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་ཅིང་བྱང་ཆུབ་ཀྱི་སེམས་ཀྱིས་འཕངས་པའི་ཐབས་ཤེས་ཟུང་དུ་འབྲེལ་བའི་ཆོ་གས་བསྔོ་བར་བགྱིའོ། །དེ་ཡང་འོག་ནས་འབྱུང་བའི་སྨོན་ལམ་རྣམས་ཇི་ལྟ་བ་བཞིན་འགྲུབ་པ་ལ་གེགས་བྱེད་པ་སྡིག་སྒྲིབ་ཡིན་པས་དེ་སྦྱང་བ་དང༌། འགྲུབ་པའི་མཐུན་རྐྱེན་ནི་བསོད་ནམས་ཡིན་པས་དེ་རྒྱ་ཆེར་འཕེལ་ཞིང་ནམ་ཡང་མི་ཟད་པ་ཞིག་སྨོན་ལམ་འགྲུབ་པའི་རྒྱུར་ཅིས་ཀྱང་དགོས་ལ། ཡན་ལག་བདུན་པས་ནི་སྡིག་སྒྲིབ་སྦྱོང་བ་དང་བསོད་ནམས་ཀྱི་ཚོགས་གསོག་པ་དང་དགེ་བའི་རྩ་བ་འཕེལ་ཞིང་མི་ཟད་པར་བྱེད་པ་གསུམ་ག་འགྲུབ་པས་དེ་སྔོན་དུ་བཏང་ན་འོག་ནས་འབྱུང་བའི་སྨོན་ལམ་རྣམས་འགྲུབ་པ་ལ་ནུས་པ་ཤིན་ཏུ་ཆེའོ། །

གཉིས་པ་དངོས་གཞི་སྨོན་ལམ་གྱི་རབ་དབྱེ་རྒྱས་པར་བཤད་པ་ལ། དངོས་དང༌། སྨོན་ལམ་གྱི་མཐའ་བསྟན་པ་གཉིས་ཀྱི། དང་པོ་ལ། བསམ་དག་བྱང་སེམས་མི་བརྗེད་དང༌། །མ་གོས་སྤྱོད་དང་ཕན་བདེ་དང༌། །གོ་ཆ་དང་ནི་སྐལ་མཉམ་གྲོགས། །བཤེས་བསྟེན་སངས་རྒྱས་མངོན་གྱུར་དང༌། །དམ་ཆོས་འཛིན་དང་མཛོད་རྙེད་དང༌། །འཇུག་དང་སྟོབས་སང་སྒྲུབ་དང་ལས། རྗེས་སློབ་ཀུན་གྱི་མཇུག་སྡུད་དོ། །ཞེས་པ་ལྟར་དོན་ཚན་བཅུ་དྲུག་ཏུ་ཡོད་པ་ལས། དང་པོ་བསམ་པ་དག་པའི་སྒོ་ནས་སྨོན་པ་ལ། སངས་རྒྱས་མཆོད་པའི་བསམ་པ། དགོངས་པ་ཡོངས་སུ་སྐོང་བ། སངས་རྒྱས་ཀྱི་ཞིང་སྦྱང་བ། སེམས་ཅན་ལ་ཕན་གདགས་པ་དང་བཞིའོ། །དང་པོ་ནི། ལྕང་སྐྱ་རོལ་པའི་རྡོ་རྗེའི་འགྲེལ་པ་ལས། འདི་མན་ཆད་ཀྱི་སྨོན་ལམ་གྱི་དོན་རྣམས་ཀྱང་ལས་དང་པོ་པ་ལ་ཕན་པའི་ཕྱིར་ཉམས་ལེན་གྱི་རིམ་པ་དང་སྦྱར་ཅེས་པ་ལྟར་བཤད་པར་བྱ་སྟེ། དེ་ལ།

འདས་པའི་སངས་རྒྱས་རྣམས་དང་ཕྱོགས་བཅུ་ཡི། །འཇིག་རྟེན་དག་ན་གང་བཞུགས་མཆོད་པར་གྱུར། །

དེའང༌། ཕྱག་འཚལ་བ་སོགས་དགེ་རྩ་རྣམས་ཀྱིས་མཚོན་ནས་རང་གི་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་རྩ་ཐམས་ཅད་སྔར་བྱོན་འདས་པའི་སངས་རྒྱས་སུ་གྲགས་པ་རྣམས་དང༌། ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་སེམས་ཅན་གྱི་དོན་ལ་བཞུགས་པ་རྣམས་ལ་ཕུལ་བས་དེ་དག་སྤྱན་སྔར་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་དུ་གྱུར་ཏེ་མཉེས་པར་བྱས་པར་བསམ་ཞིང་རྟག་ཏུ་དེ་ལྟར་མཆོད་པ་གྱུར་ཅིག་པའོ། །

གཉིས་པ་ནི།

གང་ཡང་མ་བྱོན་དེ་དག་རབ་མྱུར་བར། །བསམ་རྫོགས་བྱང་ཆུབ་རིམ་པར་སངས་རྒྱས་སྤྱོན། །

དེའང༌། གང་ཡང་མ་བྱོན་པ་སྟེ་མ་འོངས་པ་ན་འཚང་རྒྱ་བར་འགྱུར་བ་ཐེག་པ་གསུམ་གྱི་ལམ་དུ་ཞུགས་པ་རྣམས་ལ་སྔར་བཞིན་ཕུལ་བས་དེ་དག་འཚང་རྒྱ་བའི་མཐུན་པའི་རྐྱེན་མ་ཚང་བ་མེད་པར་གྱུར་ཏེ། འབད་རྩོལ་མེད་བཞིན་དུ་རབ་ཏུ་མྱུར་བར་རང་རང་གི་དགོངས་པའི་བསམ་པ་ཚོགས་ལྷག་མ་རྫོགས་ནས་དུས་ལ་བབ་པས། དགའ་ལྡན་དུ་སྐྱེ་བ་སོགས་བྱང་ཆུབ་བརྙེས་པའི་བར་གྱི་གོ་རིམ་ཚུལ་དང་མཐུན་པར་སྟོན་པའི་སྒོ་ནས་སངས་རྒྱས་པར་སྤྱོན་ཅིག་པ་སྟེ་མྱུར་དུ་སངས་རྒྱས་པར་ཤོག་ཅིག་པའོ། །འདི་དག་ནི་ལམ་ཞུགས་ཀྱི་སློབ་པ་དང་མི་སློབ་པ་ལ་དགེ་རྩ་སོགས་གཏོང་བའི་ཚུལ་ཡིན་ལ། སྐྱེ་བ་གཞན་དུའང་དེ་ལྟར་བྱེད་པར་གྱུར་ཅིག་ཅེས་སྨོན་པ་ནི་འོག་མ་རྣམས་ལའང་ཤེས་པར་བྱའོ། །

གསུམ་པ་ནི།

ཕྱོགས་བཅུ་ག་ལའི་ཞིང་རྣམས་ཇི་སྙེད་པ། །དེ་དག་རྒྱ་ཆེར་ཡོངས་སུ་དག་པར་གྱུར། །

བྱང་ཆུབ་ཤིང་དབང་དྲུང་གཤེགས་རྒྱལ་བ་དང༌། །སངས་རྒྱས་སྲས་ཀྱིས་རབ་ཏུ་གང་བར་ཤོག །

དེའང༌། ཕྱོགས་བཅུ་ག་ལ་བར་མ་དག་པའི་ཞིང་རྣམས་ཇི་སྙེད་པ་ལ་ལུས་ལོངས་སྤྱོད་སོགས་བཏང་བས་དེ་དག་མ་ལུས་པ་བདེ་བ་ཅན་གྱི་ཞིང་ཇི་ལྟ་བ་བཞིན་དུ་རྒྱ་ཆེ་ཞིང་སྐྱོན་ཐམས་ཅད་དང་བྲལ་བར་ཡོངས་སུ་དག་པར་གྱུར་ཏེ། དེའི་དབུས་སུ་བྱང་ཆུབ་ཀྱི་ཤིང་ལྗོན་པ་ཐམས་ཅད་ཀྱི་དབང་པོར་གྱུར་པའི་དྲུང་དུ་གཤེགས་ནས་སངས་རྒྱས་ཟིན་པའི་རྒྱལ་བ་དང༌། དེ་དག་གི་འཁོར་དུ་སངས་རྒྱས་རྣམས་ཀྱི་ཐུགས་སྲས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བར་མཚམས་མེད་པར་རབ་ཏུ་གང་བར་ཤོག་ཅིག་པ་སྟེ་འདི་ནི་གཙོ་བོར་སྣོད་ལ་གཏོང་བའི་ཚུལ་ལོ། །

བཞི་པ་ནི།

ཕྱོགས་བཅུའི་སེམས་ཅན་གང་རྣམས་ཇི་སྙེད་པ། །དེ་དག་རྟག་ཏུ་ནད་མེད་བདེ་བར་གྱུར། །

འགྲོ་བ་ཀུན་གྱི་ཆོས་ཀྱི་དོན་རྣམས་ནི། །མཐུན་པར་གྱུར་ཅིང་རེ་བའང་འགྲུབ་པར་ཤོག །

དེའང༌། སྔར་ལྟར་རང་གི་ལུས་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གྱི་བྱེ་བྲག་གང་ཞིག་རིགས་དྲུག་གིས་བསྡུས་པ་རྣམས་ཇི་སྙེད་ཅིག་ཡོད་པ་ཀུན་ལ་བཏང་བས། དེ་དག་དུས་རྟག་ཏུ་འཁོར་བའི་སྡུག་བསྔལ་དང་དེའི་རྒྱུ་ལས་དང་ཉོན་མོངས་པ་ཐམས་ཅད་ལ་ནད་དང་མྱ་ངན་དང་ཟུག་རྔུའི་སྒྲས་བསྟན་པ་མདོ་ལས་མང་དུ་འབྱུང་བ་བཞིན་ཡིན་པས་དེ་ལྟ་བུའི་ནད་མེད་པའི་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ལ་འགྲོ་བ་དེ་དག་ཀུན་གྱིས་མངོན་པར་འདོད་པའི་ཆོས་མཐུན་གྱི་དོན་རྣམས་ནི་སྒྲུབ་པའི་མཐུན་རྐྱེན་ཐམས་ཅད་འགྲུབ་པར་གྱུར་ཅིག །དེའི་མཐུས་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་རེ་བའང་དེ་བཞིན་དུ་འགྲུབ་པར་ཤོག་ཅིག་པ་སྟེ། དེ་ནི་གཙོ་བོར་ལམ་དུ་མ་ཞུགས་པའི་སེམས་ཅན་ལ་གཏོང་བའི་ཚུལ་ཡིན་ལ། འདི་ཡན་ཆད་བྱམས་པ་དང་སྙིང་རྗེའི་དམིགས་རྣམས་སྦྱོང་བ་དང་གཞན་དོན་དོན་གཉེར་གྱི་བསམ་པ་སྦྱོང་ཚུལ་ཡིན་ནོ། །