༄༅། ལེགས་བཤད་ལྗོན་དབང་།

ཐོན་མིའི་ལེགས་བཤད་སུམ་ཅུ་པའི་སྙིང་པོ་ལྗོན་པའི་དབང་པོ་བཞུགས་སོ།།

༄༅།།ན་མོ་གུ་རུ་མཉྫུ་གྷོ་ཥ་ཡ།བླ་མ་མཆོག་དང་དབྱེར་མེད་པའི།།འཇམ་པའི་དབྱངས་ལ་གུས་བཏུད་ནས།།ཐོན་མིའི་ལེགས་བཤད་སུམ་ཅུ་པའི།།སྙིང་པོ་མདོར་བསྡུས་བཤད་པར་བྱ།།དབྱངས་ཀྱི་བྱ་བ་གསལ་པོ་རུ།།བྱེད་པ་ཨི་ཨུ་ཨེ་ཨོ་བཞི།།གསལ་བྱེད་ཀ་སོགས་སུམ་ཅུ་ཡིན།།ག་ང་ད་ན་བ་མ་འ།།ར་ལ་ས་རྣམས་རྗེས་འཇུག་བཅུ།།ད་དང་ས་གཉིས་ཡང་འཇུག་སྟེ།།ད་ནི་ན་ར་ལ་གསུམ་དང་།།ས་ནི་ག་ང་བ་མར་འཐོབ།།ག་ད་བ་མ་འ་སྔོན་འཇུག།གོ་ངོ་དོ་ནོ་བོ་མོ་འོ།།རོ་ལོ་སོ་ཏོ་སླར་བསྡུ་སྟེ།།རྫོགས་ཚིག་ཟླ་སྡུད་ཅེས་ཀྱང་བྱ།།དྲག་ཡོད་ཏོ་དང་མཐའ་མེད་འོ།།གཞན་རྣམས་མིང་མཐའི་རྗེས་མཐུན་སྦྱར།།སུ་ར་རུ་དུ་ན་ལ་ཏུ།།ལ་དོན་རྣམ་པ་བདུན་ཡིན་ཏེ།།རྣམ་དབྱེ་གཉིས་བཞི་བདུན་པ་དང་།།དེ་ཉིད་ཚེ་སྐབས་རྣམས་ལ་འཇུག།ས་སུ་ག་བ་དྲག་མཐར་ཏུ།།ང་ད་ན་མ་ར་ལ་དུ།།འ་དང་མཐའ་མེད་ར་དང་རུ།།གི་ཀྱི་གྱི་འི་ཡི་ལྔ་པོ།།རྣམ་དབྱེ་དྲུག་པ་འབྲེལ་སྒྲ་དང་།།དེ་རྣམས་ས་མཐའ་ཅན་ལྔ་ནི།།རྣམ་དབྱེ་གསུམ་པ་བྱེད་སྒྲ་སྟེ།།སྦྱོར་ཚུལ་ན་མ་ར་ལ་གྱི།།ད་བ་ས་ཀྱི་ག་ང་གི།འ་དང་མཐའ་མེད་འི་དང་ཡི།།ཀྱང་ཡང་འང་གསུམ་རྒྱན་སྡུད་དེ།།ག་ད་བ་ས་དྲག་མཐར་ཀྱང་།།ང་ན་མ་ར་ལ་མཐར་ཡང་།།འ་དང་མཐའ་མེད་འང་དང་ཡང་།།ཏེ་དེ་སྟེ་གསུམ་ལྷག་བཅས་ཏེ།།ན་ར་ལ་ས་དྲག་མཐར་ཏེ།།ད་དེ་ག་ང་བ་མ་འ།།མཐའ་མེད་རྣམས་ལ་ས་སྟེ་འཐོབ།།གམ་ངམ་དམ་ནམ་བམ་མམ་འམ།།རམ་ལམ་སམ་ཏམ་འབྱེད་སྡུད་དེ།།སྦྱོར་ཚུལ་སླར་བསྡུའི་སྐབས་དང་མཚུངས།།ར་རུ་འི་ཡི་འང་ཡང་རྣམས།།རྐང་པ་མི་སྐོང་སྐོང་བའི་ཁྱད།།འོ་འུ་འམ་གྱི་གོང་དུ་ཚེག།མེད་དང་ཡོད་པའང་དེ་བཞིན་ཡིན།།ནས་ལས་འབྱུང་ཁུངས་དགར་སྡུད་དེ།།འབྱུང་ཁུངས་དངོས་ལ་གང་སྦྱར་འཐུས།།རིགས་མཐུན་དགར་ནས་མི་མཐུན་ལས།།སྡུད་ལ་ནས་སྒྲ་ཁོ་ན་འཇུག།ཀྱེ་དང་ཀྭ་ཡེ་བོད་སྒྲ་སྟེ།།ཕལ་ཆེར་མིང་གི་ཐོག་མར་སྦྱོར།།ནི་ནི་དགར་དང་བརྣན་པའི་སྒྲ།།དང་ནི་སྡུད་འབྱེད་རྒྱུ་མཚན་དང་།།ཚེ་སྐབས་གདམས་ངག་ལྔ་ལ་འཇུག།མིང་གི་ཐོག་མའི་དེ་སྒྲ་ནི།།ཐ་སྙད་འདས་མ་ཐག་པ་དང་།།རྣམ་གྲངས་གཞན་ཅན་གཉིས་ལ་འཇུག།ཅི་ཇི་སུ་གང་སྤྱི་སྒྲ་སྟེ།།ཞིག་སྟེ་སླད་འདྲ་ཕྱིར་ལ་ཅི།།སྙེད་སྲིད་ལྟར་བཞིན་སྐད་ལ་ཇི།།སུ་ནི་གང་ཟག་གང་ཀུན་ལའོ།།ན་རོ་ཡོད་མེད་པ་བ་མ།།བདག་པོའི་སྒྲ་སྟེ་ག་ད་ན།།བ་མ་ས་དང་དྲག་མཐར་པ།།ང་འ་ར་ལ་མཐའ་མེད་ལ།།བདག་སྒྲ་ཡར་གྱུར་བ་དང་ནི།།ཆ་ལ་པ་ཉིད་སྦྱོར་བ་ལེགས།།མིང་མཐའི་པ་བའང་ཕལ་ཆེར་འདྲ།།མ་ནི་ངེས་མེད་སྐབས་དང་སྦྱར།།མ་མི་མིན་མེད་དགག་སྒྲ་སྟེ།།མ་མི་ཐོག་མ་མིན་མེད་མཇུག།མ་ནི་བར་གྱི་གསལ་བྱེད་ལའང་།།ཚིག་ཕྲད་ཞིང་སོགས་ང་ན་མ།།འ་དང་ར་ལ་མཐའ་མེད་མཐར།།ཞིང་ཞེས་ཞེ་འོ་ཞེ་ན་ཞིག།ག་ད་བ་དང་ད་དྲག་མཐར།།ཅིང་ཅེས་ཅེ་འོ་ཅེ་ན་ཅིག།ས་མཐར་དམིགས་བསལ་ཞེས་མ་གཏོགས།།ཤིང་ཤིག་ཤེ་འོ་ཤེ་ན་འཐོབ།།འོན་ཀྱང་ཁ་ཅིག་ལྷན་ཅིག་སོགས།།མིང་གི་ཆ་དང་མ་ནོར་གཅེས།།རྐྱང་པ་འཕུལ་ལ་འ་མཐའ་དགོས།།གུག་ཀྱེད་བརྩེགས་འདོགས་ཅན་ལ་སྤང་།།ལྷུག་པའི་དོན་མང་མིང་མཚམས་དང་།།དོན་འབྲིང་འབྱེད་དང་དོན་ཉུང་རྫོགས།།ཚིགས་བཅད་ག་མཐར་ཆིག་ཤད་བྱ།།རྫོགས་ཚིག་མཐའ་ཅན་ལྷུག་པ་དང་།།ཚིགས་བཅད་རྐང་མཐར་ཉིས་ཤད་འཐོབ།།དོན་ཚན་ཆེན་མོ་རྫོགས་པ་དང་།།ལེའུའི་མཚམས་སུ་བཞི་ཤད་དགོས།།ང་ཡིག་མ་གཏོགས་ཡིག་ཤད་བར།།ཚེག་མེད་དེ་སོགས་ཞིབ་ཏུ་འབད།།ཚིག་གི་ལོ་མས་མ་བསྒྲིབས་ཤིང་།།དོན་གྱི་འབྲས་བུ་གཡུར་ཟ་བའི།།ལེགས་བཤད་ལྗོན་པའི་དབང་པོ་འདི།།དབྱངས་ཅན་གྲུབ་པའི་རྡོ་རྗེས་སྤེལ།།།

 

༄༅།།སུམ་ཅུ་པའི་སྙིང་པོའི་དོན་གསལ་བྱེད་ལེགས་བཤད་ལྗོན་པའི་དབང་པོ་བཞུགས་སོ།།

 

ཨོཾ་སྭ་སྟི།སུམ་ཅུ་པའི་སྙིང་པོའི་དོན་མདོར་བསྡུས་ནི།ན་མོ་གུ་རུ་མཉྫུ་གྷོ་ཥ་ཡ།ཞེས་པ་རྒྱ་གར་ལེགས་སྦྱར་གྱི་སྐད་ཡིན།དེ་བོད་སྐད་དུ་བསྒྱུར་ན་བླ་མ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།།ཞེས་རྒྱ་སྐད་ཀྱིས་མཆོད་པར་བརྗོད་པ་ཡིན།

 

བླ་མ་མཆོག་དང་དབྱེར་མེད་པའི།།འཇམ་པའི་དབྱངས་ལ་གུས་བཏུད་ནས།།ཞེས་པ་རང་གི་བླ་མ་དང་རྗེ་བཙུན་འཇམ་པའི་དབྱངས་ངོ་བོ་དབྱེར་མེད་དུ་བལྟས་ནས་ཕྱག་འཚལ་བ་སྟེ་བོད་སྐད་ཀྱིས་མཆོད་པར་བརྗོད་པ་ཡིན།

ཐོན་མིའི་ལེགས་བཤད་སུམ་ཅུ་པའི།།སྙིང་པོ་མདོར་བསྡུས་བཤད་པར་བྱ།།ཞེས་བློན་པོ་ཐོན་མི་སམ་བྷོ་ཊའི་ལེགས་བཤད་སུམ་རྟགས་གཉིས་ནས་སུམ་ཅུ་པའི་སྙིང་པོའི་དོན་མདོར་བསྡུས་བཤད་པར་བྱ་ཞེས་བརྩམ་པར་དམ་བཅའ་བ་ཡིན།

དབྱངས་ཀྱི་བྱ་བ་གསལ་པོ་རུ།།བྱེད་པ་ཨི་ཨུ་ཨེ་ཨོ་བཞི།།གསལ་བྱེད་ཀ་སོགས་སུམ་ཅུ་ཡིན།།ཞེས་པ་སྤྱིར་ཡི་གེ་ལ་དབྱངས་དང་གསལ་བྱེད་གཉིས་ཡོད།དེ་ལ་མ་འདུས་པའི་ཡི་གེ་མེད།དེའི་ནང་ནས་རང་ཅག་བོད་གངས་ཅན་གྱི་སྐད་ལ་ཉེ་བར་མཁོ་བ་ཨཱ་ལི་དབྱངས་ཀྱི་བྱ་བ་གསལ་པོར་བྱེད་པའི་ཨི་ཨུ་ཨེ་ཨོ་བཞི་ཡོད།མི་གསལ་བའི་ཚུལ་དུ་ཨ་ཡང་ཡོད།ཀཱ་ལི་གསལ་བྱེད་ནི་ཀ་ནས་ཨའི་བར་སུམ་ཅུ་ཡིན།

ག་ང་ད་ན་བ་མ་འ།།ར་ལ་ས་རྣམས་རྗེས་འཇུག་བཅུ།།ཞེས་པ་དེ་རྣམས་མིང་གཞིའི་རྗེས་སུ་འཇུག་པས་ན་རྗེས་འཇུག་བཅུ་ཡིན་ཏེ་དཔེར་ན།རྟག།བཟང་།བཤད།མདུན།བཏབ།བསམ།མདའ།ཤར།དཔལ།བྱས་ལྟ་བུ།

ད་དང་ས་གཉིས་ཡང་འཇུག་སྟེ།།ཞེས་པ་ད་དང་ས་གཉིས་རྗེས་འཇུག་ཡིན་པ་མ་ཟད་རྗེས་འཇུག་གི་རྗེས་སུ་ཡང་བསྐྱར་འཇུག་པས་ན་ཡང་འཇུག་ཡིན།སྦྱོར་ཚུལ་ནི།ད་ནི་ན་ར་ལ་གསུམ་དང་།།ཞེས་པ་ཡང་འཇུག་ད་ནི་རྗེས་འཇུག་ན་དང་ར་དང་ལ་གསུམ་གྱི་མཐར་འཇུག་སྟེ་དཔེར་ན།ཕྱིནད།གྱུརད།བསྩལད།ལྟ་བུ།ས་ནི་ག་ང་བ་མར་འཐོབ།།ཅེས་པ་ཡང་འཇུག་ས་ནི་རྗེས་འཇུག་ག་དང་ང་དང་བ་དང་མ་རྣམས་ཀྱི་མཐར་འཇུག་སྟེ་དཔེར་ན།རྫོགས།གངས།བཏབས།ཁམས།ལྟ་བུ།

ག་ད་བ་མ་འ་སྔོན་འཇུག།ཅེས་པ་དེ་རྣམས་མིང་གཞིའི་སྔོན་དུ་འཇུག་པས་ན་སྔོན་འཇུག་ལྔ་ཡིན་ཏེ་དཔེར་ན།གཏོར།དཔལ།བཏབ།མཁས།འཇམ།ལྟ་བུ།

གོ་ངོ་དོ་ནོ་བོ་མོ་འོ།།རོ་ལོ་སོ་ཏོ་སླར་བསྡུ་སྟེ།།རྫོགས་ཚིག་ཟླ་སྡུད་ཅེས་ཀྱང་བྱ།།ཞེས་པ་བཅུ་གཅིག་པོ་དེ་རྣམས་ལ་སུམ་ཅུ་པར་སླར་བསྡུ་དང་།དག་ཡིག་གཞན་ནས་རྫོགས་ཚིག་དང་།སྨྲ་སྒོ་མཚོན་ཆར་ཟླ་སྡུད་ཟེར།སྦྱོར་ཚུལ་ནི།དྲག་ཡོད་ཏོ་དང་།ཞེས་པ་ད་དྲག་གམ་དའི་ཡང་འཇུག་ཡོད་པར་ཏོ་འཐོབ་སྟེ་དཔེར་ན།ཕྱིནད་ཏོ།།གྱུརད་ཏོ།།བསྩལད་ཏོ།།ལྟ་བུ།མཐའ་མེད་འོ།།མཐའ་རྟེན་མེད་སར་འོ་འཐོབ་སྟེ་དཔེར་ན།བྱའོ།།ལྟ་བུ།གཞན་རྣམས་མིང་མཐའི་རྗེས་མཐུན་སྦྱར།།ཞེས་པ་གཞན་རྣམས་མིང་གི་མཐར་རྗེས་འཇུག་གང་ཡོད་ཀྱང་དེ་དང་མཐུན་པར་སྦྱོར་དགོས་ཏེ་དཔེར་ན།སྟག་གོ།བཟང་ངོ་།།བཤད་དོ།།གསན་ནོ།།བཏབ་བོ།།བསམ་མོ།།མདའ་འོ།།ཤར་རོ།།གསལ་ལོ།།བྱས་སོ།།ལྟ་བུ།